༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཆེ་ཕྲ་དང་། རྡ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསང་མཆོད་གཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་འགྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།
དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་༸ཞབས་སོར་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་བླངས་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་ནས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་ཕུལ།
དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་རྟེན་འབྲེལ་མཚོན་བྱེད་དུ་མངར་ཟས་ཀེཀ་ (Cake) མཐུན་འགྱུར་གནང་བ་དེ་བཞིན་འདེགས་འབུལ་ཞུས་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་མེ་གྷན་ཉིན་སློབ་ནས་མདོ་སྨད་འཁྲབ་གཞས་དགུང་གི་ཉི་ཟླ་ཞེས་པ་དང་། དྷ་ས་སྟོད་པ་སྐྱིད་སྡུག་ནས་འཛམ་གླིང་ཀུན་ཁྱབ་སྒྲོན་མེ་ཞེས་པའི་འཁྲབ་གཞས་གཟིགས་འབུལ་ཞུས། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ།
དེ་རྗེས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་འཁྲབ་གཞས་ཕ་ཡུལ་པདྨ་ཞེས་པ་དང་ཉི་འོང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ནས་ཉི་འོང་སྐད་ཐོག་བསྟོད་གླུ་འབུལ་རྗེས་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཀ་བིནྡར་སིངྒ་སུག་ཀུ་མཆོག་གིས་གསུང་བཤད་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པ་ནས་འཁྲབ་གཞས་སོ་ནམ་འབྲས་གཞུང་ལགས་ཞེས་པ་གཟིགས་འབུལ་ཞུས་གྲུབ་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་དྲིལ་རྩོམ་སྒྱུར་དང་པར་སྐྲུན་ཚན་པ་ནས་བོད་ཀྱི་ལོ་རྒྱུས་ལ་ཡུད་ཙམ་བལྟ་བ་ཞེས་པའི་བོད་བསྒྱུར་ཕྱག་དེབ་དབུ་འབྱེད་གནང་བ་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་གིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པའི་ལྷ་གཞུང་རྒྱ་བཟའ་བལ་བཟའི་རྣམ་མཐར་འཕྲུལ་གྱི་བང་མཛོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་གྲངས་ ༦ ལ་ཕྱག་འཁྱེར་དང་མཇལ་དར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ཁོངས་ནས་བལ་ཡུལ་རྒྱལ་འཕགས་ས་གནས་འགོ་འཛིན་དྲུང་གཞོན་ཀརྨ་བཟོད་པ་འཕྲིན་ལས་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་བློ་གྲོས་ལགས་རྣམ་གཉིས་ལ་གཟེངས་རྟགས་ཕྱག་འཁྱེར་གནང་།
དེ་ནས་དམིགས་བསལ་སྐུ་མགྲོན་ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུན་ཧྲིན་ཧན་ལགས་ཀྱིས་གསུང་བཤད་གནང་། མཐར་ཡོངས་གླིང་སློབ་གྲྭ་ནས་རྒྱལ་སྲས་བསྟོད་གླུ་དང་། དྷ་སྟེང་བོད་ཁྱིམ་ནས་འཁྲབ་གཞས་སྟོད་ཀྱི་སྒྲ་སྙན་ཞབས་བྲོ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ཡོད་པ་བཅས། །