༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བརྒྱད་ལ་ཕེབས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་བཀྲ་ཤིས་པའི་དུས་བཟང་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་འབྲེལ། དུས་སྟོན་མཛད་སྒོར་ཆེད་ཕེབས་གནང་མཁན་ཕྱི་ནང་སྐུ་མགྲོན་རྣམ་པ་དང། འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་རིང་གི་དུས་ཚེས་ཁྱད་པར་ཅན་འདིར། ང་ཚོས་དགའ་སྟོན་གྱི་རྩེད་འཇོར་རོལ་བ་དང་ཆབས་ཅིག །༸མགོན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་མི་ཚེ་དགའ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་སུ་སུས་ཀྱང་བསྒྲུན་དུ་མེད་པའི་ལེགས་སྐྱེས་བསྩལ་དང་སྩོལ་བཞིན་པའི་བཀའ་དྲིན་ལ་དྲན་ཤེས་བསྟེན་པའི་དུས་ཚེས་ཤིག་ཀྱང་ཡིན།
བོད་གངས་ལྗོངས་མདོ་སྨད་སྐུ་འབུམ་ཚོ་དྲུག་གི་ཁོངས་སུ་སྐུའི་མཚན་དཔེ་མངོན་པར་བཞད་ཅིང་། ལྷ་ལྡན་རྒྱལ་ཁབ་ཏུ་ཕྱག་ན་པདྨོ་སྐུ་ཕྲེང་རིམ་བྱོན་གྱི་གསེར་ཁྲིར་འཁོད་དེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་སོན་པའི་དམ་འཇོག་མཛད་ཅིང་། དགུང་ལོ་བཅུ་དྲུག་ནས་བཟུང་གངས་ལྗོངས་ཆོས་སྲིད་ཀྱི་མཛད་ཁུར་བདག་གིར་བཞེས་ཏེ་སྤྱི་ཚོགས་ལེགས་བཅོས་ཀྱི་དགོངས་བཞེད་རྒྱ་ཆེར་བསྐྱངས་ནའང་། རྒྱ་གཞུང་གིས་བཙན་འཛུལ་བའི་གདོང་རིས་མངོན་རྗེན་དུ་བསྟན་ཏེ་བོད་ཀྱི་སྣོད་བཅུད་ཆགས་འཇིག་གི་སོ་མཚམས་སུ་སླེབས་སྐབས། བཙན་བྱོལ་གྱི་ལམ་བུ་སྙེགས་ཤིང་། རྒྱ་གར་དུ་བཙན་བྱོལ་བོད་གཞུང་བཙུགས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མིའི་སྤྱི་ཚོགས་བདེ་དོན་བཅས་ལ་བསམ་བརྗོད་ལས་འདས་པའི་བཀའ་དྲིན་བསྐྱངས་ཚུལ་གྱི་རིམ་པ་རགས་ཙམ་ཞིག་འདི་སྔོན་གྱི་གཏམ་བཤད་དུ་བཀོད་ཡོད་པས། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་སྟེང་མཛད་འཕྲིན་སྐྱོང་སྟངས་ཀུ་ཤའི་རྩེ་རྡུལ་ཙམ་ཞིག་འགོད་ཐབས་ཞུ་རྒྱུར།
༸མགོན་པོ་མཆོག་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་དང་། ཐའེ་ལནྜ་བཅས་ནང་པའི་རྒྱལ་ཁབ་གཉིས་སུ་ཆིབས་བསྒྱུར་མཛད་ཅིང། ༡༩༧༣ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༡ ནང་ཆིབས་བསྒྱུར་ཐོག་མར་སྐྱོང་སྐབས། ཕྱི་དངོས་པོའི་ཡར་རྒྱས་དང་དུས་མཚུངས་སུ་ཆོས་དད་ཡོད་མེད་དང་། ཆོས་ལུགས་གང་ལ་དད་མིན་ལ་མ་ལྟོས་པར་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དང་སྤྱི་སེམས་ཡར་རྒྱས་གཏོང་གལ་གྱི་གདམས་ངག་འདི་རྒྱས་གླེང་མཛད་ཡོད་ཅིང་།
ཕྱི་ལོ་ ༡༩༧༩ ལོར་ཨ་རིར་ཐོག་མའི་ཆིབས་བསྒྱུར་གནང་སྐབས། གྲོང་ཁྱེར་ ༢༤ དང་། མཐོ་རིམ་སློབ་གཉེར་ཁང་དང་ཆོས་ཚོགས་ ༤༠ ལྷག་ཏུ་གོ་ལ་ཧྲིལ་པོ་ཅན་གྱི་འཇིག་རྟེན་འདིའི་དཀའ་ཉེན་ལ་གདོང་ལེན་གནང་སྟངས་དང། འགྲོ་བ་མིའི་བདེ་སྡུག་གི་ཐོག་ཐུན་མོང་གི་བསམ་གཞིགས་གཏོང་བ་ལ། ཆོས་ལུགས་ཚང་མའི་བླ་སྲོག་ཏུ་གྱུར་པའི་བྱམས་བརྩེ་དང་། སྙིང་རྗེའི་རིན་ཐང་གོང་དུ་སྤེལ་ཏེ། འགྲོ་བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་དུ་གཏོང་བར་འཛམ་གླིང་གི་ཆོས་ལུགས་ཆེན་པོ་དག་གིས་མཉམ་རུབ་བྱས་པ་ཡིན་ན། འཚེ་མེད་ཞི་བའི་གསར་བརྗེའི་ནུས་ཤུགས་ཧ་ལས་པ་ཞིག་འདོན་སྤེལ་ཐུབ་པ་ཙམ་དུ་མ་ཟད། བྱམས་བརྩེ་ལྡན་པའི་འཇིག་རྟེན་ཞིག་གསར་སྐྲུན་བྱེད་ཐུབ་པའི་ཐུགས་རེ་བཏོན་ཏེ། མང་གཙོ་དང་། རང་དབང་། འབྱོར་ཕྱུག་ལྡན་པའི་ནུབ་ཕྱོགས་སྤྱི་ཚོགས་ལ་ཐད་ཀར་འབྲེལ་གཏུགས་གནང་ཡོད།
༸མགོན་པོ་གང་ཉིད་བོད་དུ་བཞུགས་པའི་སྐབས་ནས་ཚན་རིག་འཕྲུལ་ཆས་ལ་ཐུགས་སྣང་ཆེན་པོ་ཡོད་པ་ཡོངས་གྲགས་ལྟར་དང་། བཙན་བྱོལ་དུ་ཕེབས་འབྱོར་བྱུང་རྗེས་ནུབ་ཕྱོགས་ཚན་རིག་སྐོར་ལ་ཐུགས་ཚོར་ཆེན་པོ་བྱུང་ཡོད། ༡༩༧༩ ལོར་ཡུ་རོབ་ཁུལ་དུ་དངོས་ཁམས་རིག་པའི་མཁས་དབང་ཌ་ཝེ་ཌི་-བྷོམ་ (David Bohm) སོགས་ཚན་རིག་མཁས་པ་རྣམས་དང་བགྲོ་གླེང་གནང་ཞིང་། ༡༩༨༤ ལོར་ཨེམ་ཧེར་སིཊ་(Amherst)མཐོ་སློབ་ཏུ་ཉིན་ལྔའི་རིང་སེམས་ཁམས་རིག་པ་དང་། གསོ་བ་རིག་པ། སྐྱེས་དངོས་རིག་པ། ཀླད་པའི་ཚན་རིག་བཅས་ཀྱི་མཁས་དབང་རྣམ་པ་དང་ལྷན་དུ་བགྲོ་གླེང་གནང་།
ཕྱི་ལོ་ ༡༩༨༧ ལོར། བཞུགས་སྒར་ཕོ་བྲང་དུ་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁག་ཅིག་ལ་མཇལ་འཕྲད་གནང་བ་ནས་བཟུང་། ཕྱི་ལོ་ ༢༠༢༢ བར་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༥ ཚུགས་ཡོད་པ་དང་། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་གཉིས་སུ་བསྡུས་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་རྟེན་འབྱུང་ནི་དེང་རབས་ཚན་རིག་དང་འབྲེལ་ཞིང་། སྤྱོད་པ་འཚེ་བ་མེད་པ་ནི་ཆོས་ལུགས་དང་འབྲེལ་བའི་གདམས་པ་དང་རྗེས་བསྟན་གྱི་གདམས་ངག་སྤྱི་དང་། ཡུལ་དུས་གདུལ་བྱའི་མོས་ཁམས་དང་འཚམས་པར་དེང་རབས་ཚན་རིག་གི་ཤེས་བྱ་དང་། གནའ་རབས་འཕགས་ཡུལ་ནཱ་ལེན་དྲའི་ལྟ་གྲུབ་སྦྲེལ་ནས་གནའ་དེང་འཛམ་གླིང་ཤར་ནུབ་ཀྱི་ལྟ་གྲུབ་དང་རིག་གཞུང་དབར་གཤིབ་བསྡུར་སྦྱངས་བཤད་མཛད་དེ། སྔོན་མེད་ཤིང་རྟའི་ལམ་སྲོལ་ལྟ་བུ་ཚན་རིག་ཤེས་བྱ་གཏིང་ཟབ་ལ་རྒྱ་ཆེ་བ་གསར་གཏོད་གནང་།
དཔེར་ན། ཚན་རིག་གི་འཚོལ་ཞིབ་ཀྱི་གཞི་རྟེན་དུ་གྱུར་པའི་གཏན་ཚིགས་རིག་པ་དང་ནང་པའི་ཚད་མ་རིག་པའི་དབར་གྱི་མཐུན་ཆོས། ཆོས་རྣམས་བཏགས་དོན་བཙལ་བའི་ཚེ་རྙེད་དུ་མེད་པའི་ཟབ་མོ་དབུ་མའི་ལྟ་བ་དང། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཕྱི་དོན་མེད་པར་སྒྲུབ་པའི་སེམས་ཙམ་པའི་ལྟ་བ་གཉིས་དེང་རབས་ཚད་རྡུལ་དངོས་ཁམས་རིག་པའི་འདོད་ཚུལ་དང་སྦྱར་བ་ལྟ་བུ་དངོས་ཁམས་རིག་པ་དང་འབྲེལ་བའི་སྐོར། ཐོག་མཐའ་མེད་པའི་ནང་པའི་འཇིག་རྟེན་ལྟ་ཚུལ་དང་། འཇིག་རྟེན་འདིའི་ཐོག་མ་འབར་གས་ཆེན་མོ་འདོད་པའི་ཚན་རིག་གི་ལྟ་བའི་དབར་གྱི་འགལ་འདུ། འཇིག་རྟེན་ཆགས་རིམ་གྱི་སྐོར་ཌར་ཝིན་གྱི་འཕེལ་འགྱུར་རིག་པ་དང་སྦྱར་ནས་བཤད་པ་མཛད་པ་ལྟ་བུ་འཕེལ་འགྱུར་རིག་པ་དང་འབྲེལ་བའི་སྐོར། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་སྐྱེ་དངོས་ལ་ཡུལ་ཚོར་བའི་ནུས་པ་ཡོད་མེད་དང་། དངོས་པོ་ཞིག་རྣམ་ཤེས་ཀྱི་རྟེན་དུ་འགྱུར་རུང་བའི་མཚམས་གང་ནས་འཛིན་དགོས་མིན་གྱི་དཔྱད་པ་ལྟ་བུ་སྐྱེ་དངོས་རིག་པ་དང་འབྲེལ་བའི་སྐོར། ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སུ། ནང་པའི་སེམས་ཁམས་རིག་པའི་ནང་། ཚན་རིག་གི་སེམས་ཁམས་རིག་པར་བློ་སྐྱེད་འབུལ་རྒྱུ་ཡོད་སྐོར། དབང་རྩ་དང་། ཀླད་པ། སེམས་ཁམས་བཅས་ཀྱི་དབར་འབྲེལ་བ་ཡོད་པའི་བཤད་པ་ལྟ་བུ་ཀླད་ཁམས་རིག་པ་དང་འབྲེལ་བའི་སྐོར་སོགས་བགྲོ་གླེང་གི་བརྗོད་གཞི་གཙོ་བོར་བཞག་ཅིང་། སྒོས་སུ་ཞིབ་འཇུག་གི་གྲུབ་དོན་རྣམས་སྣོད་བཅུད་གཉིས་ཀར་གནོད་པའི་རྒྱུ་རུ་མི་འགྱུར་སླད་ཚན་རིག་པ་ཚོའི་ཞིབ་འཇུག་ལས་དོན་གང་ཞིག་ཡིན་ཡང་དེའི་གཞི་རྩ་རུ་སྙིང་རྗེའི་ཀུན་སློང་ཞིག་དགོས་གལ་ཆེ་བའི་འབོད་སྐུལ་གནང་བ་བཅས། ༸མགོན་པོ་གང་ཉིད་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་བརྒལ་བའི་རིང་དེང་རབས་ཚན་རིག་པ་དང་བཀའ་བསྡུར་བགྲོ་གླེང་གནང་བའི་འབྲས་བུར། ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་ལའང་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པར་མ་ཟད། རྩོད་མེད་སྙན་གྲགས་ཅན་གྱི་མི་སྒེར་དང་ཚན་རིག་པའི་བསྟི་གནས་ཁག་མང་པོར་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།
དེ་བཞིན་སྒོམ་སྒྲུབ་ཚན་རིག་འདི་ཉིད་ལུགས་མཐུན་གྱི་ཞིབ་འཇུག་ཁྱབ་ཁོངས་སུ་གཏན་འབེབས་བྱུང་བ་ལའང་སེམས་དང་སྲོག་གི་བགྲོ་གླེང་གིས་བྱེད་ནུས་གལ་ཆེན་ཐོན་ཡོད་ལ། འཛམ་གླིང་དུ་སྙན་གྲགས་ཆེ་བའི་མཐོ་སློབ་དང་། ཞིབ་འཇུག་ཁང་མང་པོས་བགྲོ་གླེང་དང་ཞིབ་འཇུག་རྒྱ་ཆེར་བྱས་པ་བརྒྱུད། དཔྱད་འཇོག་སྒོམ་སྒྲུབ་ཀྱིས་མི་སྒེར་སོ་སོའི་ལུས་སེམས་གཉིས་ཀར་ཕན་བདེ་སྐྲུན་ཐུབ་པའི་དགེ་མཚན་ལ་འཛམ་གླིང་ཁྱོན་དུ་སྐྱེ་བོ་འབུམ་ཕྲག་མང་པོས་དོ་སྣང་བྱེད་བཞིན་ཡོད།
འདས་པའི་དུས་རབས་ཕྱེད་ཀ་ཙམ་གྱི་རིང་། བོད་བརྒྱུད་ནང་བསྟན་འཛམ་གླིང་གི་ས་ཕྱོགས་གང་སར་དར་རྒྱས་སུ་ཕྱིན་སྟབས། དེ་ནི་དད་པ་གཅིག་པུ་ལ་བརྟེན་པའི་ཆོས་ལུགས་ཤིག་མ་ཡིན་པར། དེ་ལས་ལྡོག་སྟེ། འདས་པའི་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་རིང་དར་རྒྱས་སུ་ཕྱིན་པའི་ནང་པའི་ཚན་རིག་དང་སྒྱུ་རྩལ་ཡོད་དོ་ཅོག་གི་བང་མཛོད་ཅིག་ཡིན་པའི་ངོས་འཛིན་ཇེ་གསལ་ནས་ཇེ་བརྟན་དུ་འགྲོ་བཞིན་ཡོད་ལ། ཚན་རིག་པ་ཁག་ཅིག་གིས་ཚན་རིག་གི་རྣམ་གྲངས་སུ་རང་བྱུང་དང་སྤྱི་ཚོགས་ཚན་རིག་ལས་གཞན་ད་དུང་ནང་དོན་རིག་པའི་ཚན་རིག་འཇོག་དགོས་སྐོར་གསུང་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་མཉམ་འབྲེལ་གྱིས་གསར་གཏོད་གནང་བའི་ནང་སེམས་ཀྱི་རིན་ཐང་གསོ་སྐྱོང་ལ་དམིགས་པའི་སློབ་གསོ་ལམ་ལུགས་ཤིག་དེང་སང་རྒྱལ་ཁབ་ ༡༣༠ ལྷག་ནང་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་དང། སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་འདི་ནི། ད་ལྟ་དང་མ་འོངས་པའི་འགྲོ་བ་མིའི་རིགས་ཀྱི་སློབ་གསོའི་ཁ་ཕྱོགས་གལ་ཆེན་ཞིག་ཆགས་ཡོད་པ་དང་། འདི་ལ་བྱམས་བརྩེའི་ཚན་རིག་དང་། སེམས་གཤིས་གསོ་སྐྱོང། འབྲེལ་གཏུག་གི་ཉེར་སྤྱད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་ཡོད་ཅིང་། སྐྱེ་བོ་སྒེར་དང་། ལམ་ལུགས། སྤྱི་ཚོགས་བཅས་སུ་ལག་བསྟར་བྱེད་པའི་གསར་བཏོད་རང་བཞིན་གྱི་ཤེས་ཡོན་སློབ་གསོ་འདི་ནི། རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་དང། དད་པ་སོགས་ཀྱི་ས་མཚམས་དང་བཀག་རྒྱ་མེད་པར། འགྲོ་བ་མི་ཐུན་མོང་གི་བཟང་སྤྱོད་ཡར་རྒྱས་དར་སྤེལ་གཏོང་བ་བརྒྱུད། ཆོས་དད་ཡོད་མེད་ལ་མ་ལྟོས་པའི་འཇིག་རྟེན་ཁྱོན་ཡོངས་ལ་བདེ་སྐྱིད་ཀྱི་ཚེ་སྲོག་གསར་པ་སྦྱིན་ཐབས་ཀྱི་གདམས་ངག་རིན་ཐང་བྲལ་བ་ཞིག་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་བར་གླིང་ཆེན་ལྔའི་རྒྱལ་ཁབ་ ༦༠ ཙམ་གྱི་ནང་ཆིབས་བསྒྱུར་གནང་མྱོང་ཡོད་པ་དང་། དེའི་ཁྲོད་ཨ་མེ་རི་ཀ་གཅིག་པུར་ཐེངས་ ༦༠ ཙམ་དང་། འཇར་མན་ལ་ཐེངས་ ༤༧ ། ཉི་ཧོང་ལ་ ༤༣ ། སུད་སི་ལ་ ༣༢ ། ཨི་ཌ་ལི་ལ་ ༣༡ ། ཧྥ་རན་སི་ལ་ ༢༦ བཅས་ཕེབས་ཡོད་པ་སོགས་ད་ལྟའི་བར་དུ་ཕྱི་རྒྱལ་ཡུལ་ཁག་ཏུ་ཐེངས་ ༥༠༠ ཙམ་ཞབས་སོར་འཁོད་དེ། འཛམ་གླིང་ཤར་ནུབ་ཀྱི་ཤེས་ཡོན་ཅན་དང་། ཚན་རིག་པའི་སྡེ། གཞི་རྒྱ་ཆེ་བའི་མང་ཚོགས་བཅས་ལ་ཡང་ནས་ཡང་དུ་ཐད་ཀར་འབྲེལ་གཏུགས་མཛད་པར། གཞུང་དང་གྲོས་ཚོགས། གཙུག་ལག་སློབ་གཉེར་ཁང་དང་ཉམས་ཞིབ་ལྟེ་གནས་ཁང། ལྷན་ཁང་དང་ལྷན་ཚོགས་སོགས་ནས་གནས་ཚད་འདྲ་མིན་ཐོག་སློབ་དཔོན་ཆེན་མོའི་ཕྱག་ཁྱེར་དང་གཟེངས་རྟགས་ ༢༠༠ ལྷག་དང། ཨ་རི་གཅིག་པུའི་ནང་ཕྱག་འཁྱེར་ ༧༣ ཙམ་ཞིག་འབུལ་བཞེས་ཞུས་ཡོད་ལ། འཇིག་རྟེན་འདིའི་ཐོག་སྙན་གྲགས་ཆེ་བའི་ཆོས་སྲིད་ཀྱི་དབུ་ཁྲིད་ ༥༠༠ ཙམ་ཞིག་ལ་མཇལ་འཕྲད་གནང་ཡོད།
ཆིབས་བསྒྱུར་གནང་ཡུལ་དེ་དག་གི་གཙུག་ལག་སློབ་གཉེར་ཁང་དང་། ཆོས་ལུགས་འདྲ་མིན་གྱི་ལྷ་ཁང། ཚོམས་ཆེན། གྲོས་ཚོགས་ཀྱི་ཚོགས་ཁང་། ལུས་རྩལ་ར་བ། རྩེད་ཐང་། ཐང་ཆེན། སྤྱི་གླིང་སོགས་སུ་༸མགོན་པོ་མཆོག་གི་གསུང་གི་བདུད་རྩིར་མྱོང་རོལ་བྱེད་མཁན་མི་ཚོགས་སྤྲིན་ལྟར་དཀྲིགས་པའི་འབོར་གྲངས་དེ་ལྟ་བུ་ནི་ལུས་རྩལ་འགྲན་ཚོགས་དང་། གླུ་གར་གྱི་འདུ་འཛོམས་ཆེ་ཁག་ཏུའང་མཐོང་དཀོན་པ་ཡིན་ཞིང་། སྐལ་ལྡན་དེ་དག་ལ་༸མགོན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་བསྐྱར་གསོ་བཅས་མཛད་འགན་ཆེན་པོ་བཞི་བདག་གིར་བཞེས་པའི་གཡོ་བ་མེད་པའི་བྱམས་བརྩེ་དང་། ཡོངས་སུ་རྫོགས་པའི་ཤེས་རབ། དུས་རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཡང་དག་པར་རྫོགས་པའི་མཛད་པ་བསྐྱངས་པའི་རྣམ་ཐར་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན།
དེ་བཞིན་དུ། ཕྱི་ལོ་ ༡༩༨༧ དང་ ༡༩༨༨ སོ་སོར་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང་། སི་ཊར་སི་སྦག་གི་ཡུ་རོབ་གྲོས་ཚོགས་སུ་དབུ་མའི་ལམ་གྱི་དགོངས་གཞི་ཞིབ་རྒྱས་སུ་འགྲེལ་བཤད་མཛད་ཅིང། ཕྱི་ལོ་ ༢༠༠༨ ལོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་གཞུང་ལ་གནང་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། ཡངས་པའི་འཇིག་རྟེན་སྤྱི་དང་བྱེ་བྲག་གངས་རིའི་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་ཙམ་དུ་མ་ཟད། འཕྲལ་ཕུགས་བདེ་དགེ་ལེགས་ཚོགས་ཀུན་གྱི་རྩ་བ་ཉག་ཅིག་ཏུ་གྱུར་པས། བླ་ལྷའི་ཚད་མའི་ལུང་བསྟན་དང་། ༸མགོན་པོ་གང་ཉིད་ནས་ཡང་ཡང་ཞལ་བཞེས་མཛད་ཟིན་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཀྱང་༸མགོན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་སྐལ་བའི་མཆོག་ཏུ་བརྩིས་ཏེ། བླ་སློབ་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པའི་རྟེན་འབྱུང་ལྟོས་གྲུབ་ལ་བརྟེན་ནས། བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ནམ་མཁའི་མཐས་གཏུགས་པར་རྒྱས་པའི་རྟེན་འབྲེལ་མ་འཆུགས་པ་དགོས་གལ་ཆེ་བ་དང་། དོན་མེད་ཕྱོགས་རིས་འཐེན་འཁྱེར་མི་བྱེད་པར། ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་ད་ལྟའི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཆབ་སྲིད་གནས་བབ་འོག །བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གོ་སྐབས་དམ་འཛིན་གྱིས་ཆོལ་གསུམ་ཆོས་བརྒྱུད་ཡོངས་ནས་སྔར་ལྷག་མཐུན་སྒྲིལ་ཟོང་ཁ་གཅིག་ཏུ་བསྒྲིལ་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་འབད་བརྩོན་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང། སྐྱེ་ཀུན་རྗེས་སུ་འཛིན་པའི་རྒྱུ་ཚོགས་དངོས་གནས་དེ་ཡིན་པས། རང་ཅག་གངས་ཅན་པ་ཚང་མས་རང་དོན་རང་གཅེས་ཐོག་ཁེ་ཉེན་འཇུག་ལྡོག་སྤང་བླང་ཚུལ་བཞིན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
དུས་སྟོན་གྱི་གོ་སྐབས་འདི་བརྒྱུད། ༸མགོན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ལ་ད་བར་ཐུགས་འགན་ལྷོད་མེད་བཞེས་མཁན་རྒྱ་གར་དབུས་སའི་གཞུང་དང་། ཉིན་མཚན་དབྱེར་མེད་དུ་ལུས་དང་གྲིབ་མ་བཞིན་སྡོང་གྲོགས་ཞུ་མཁན་བཀའ་སྡོད་ལྷ་སྲུང་མཐུ་ཆེན་རྣམས་དང། དད་དམ་གཡོ་བ་མེད་པར་བཀའ་གསུང་སྤྱི་བོར་ལེན་པའི་སྐལ་ལྡན་སྐྱེ་བོ་མཐའ་དག་ལ་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་སྟེ། གྲུ་འཛིན་ནོར་བུའི་ཕོ་བྲང་པོ་ཏ་ལར་ཞབས་སོར་བདེ་འཁོད་ཐུབ་ཅིང་། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། ས་ཆེན་ཧྲིལ་པོར་ཞི་བདེའི་སྣང་བས་ཁེངས་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས།
བཀའ་ཤག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ལ། །