༄༅། །ཕྱི་ལོ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་བྷེང་ལོར་ནང་རྟེན་གཞི་བྱས་པའི་ས་གནས་མཉམ་སྦྲེལ་འཛིན་སྐྱོང་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱིས་མཉམ་སྦྲེལ་འཛིན་སྐྱོང་དང་རྩིས་ཞིབ་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་བརྒྱུད་མཉམ་སྦྲེལ་ཁག་གི་རྩིས་ཞིབ་བྱེད་ཕྱོགས་ལ་ཡར་རྒྱས་དང་། མཉམ་སྦྲེལ་གྱི་རྩིས་ཁྲའི་རྣམ་གཞག་དང་། སྒྲིག་གཞི། ཁྲལ་བབ་གནས་སྟངས། རྩིས་དང་སྙན་ཐོ་བཟོ་སྒྲིག་སོགས་ཀྱི་སྐོར་ལ་གོ་རྟོགས་གཏིང་ཟབ་ལོན་རྒྱུའི་དམིགས་ཚད་བཟུང་ཡོད།
དེ་ཡང་ཕྱི་ཚེས་ ༢༦ ཉིན་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀརནཱ་ཊཀ་མངའ་སྡེའི་མཉམས་སྦྲེལ་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ན་ཝིན་(K S Naveen)ལགས་དང་། ས་གནས་མཉམ་སྦྲེལ་འཛིན་སྐྱོང་བསྟི་གནས་ཁང་གི་ངེས་སྟོན་པ་འབུམ་རམས་པ་ཨི་ལན་གོ་བ་(R. Elangovan)ལགས། ངེས་སྟོན་པ་གཞོན་པ་འབུམ་རམས་པ་ར་བི་ཅནྡྲ་(K.Ravichandran)ལགས། དེ་བཞིན་བསྟི་གནས་ཁང་གི་དགེ་ལས་དང་ཚོགས་བཅར་བ་ཚང་འཛོམས་ཀྱིས་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ལ་མཉམ་སྦྲེལ་དང་འབྲེལ་བའི་རྩིས་ཀྱི་རྣམ་གཞག་དང་། སྒྲིག་གཞི། ཁྲལ་བབ་སོགས་ཀྱི་སྐོར་སློབ་སྟོན་གནང་ཡོད།
སྤྱིར་རྒྱ་གར་ནང་དུ་བོད་མིའི་གཞིས་ཆགས་གྲངས་ ༣༩ ཡོད་པའི་ཁོངས་ནས་གཞིས་ཆགས་གྲངས་ ༡༥ ལ་ས་གནས་ཀྱི་མཉམ་སྦྲེལ་ཁྲིམས་སྒྲིག་དགོངས་དོན་ས་གནས་མཉམ་སྦྲེལ་ཚོགས་པ་བཙུགས་ཡོད་པ་བཅས།།