༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་ལྷོ་ཨ་རིའི་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བཀའ་སློབ་རྣམས་ཁྱབ་སྤེལ་གཏོང་སླད་ཟླ་གྲངས་གཅིག་རིང་བྱམས་བརྩེ་ལྡན་པའི་སྐོར་སྐྱོད་ཞེས་པའི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༢ ཉིན་ཅི་ལིའི་སན་ཀྲི་ཡ་གྷོ་ (Santiago) ནང་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ནས་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་སྐོར་སྐྱོད་ལས་འགུལ་དངོས་སུ་དབུ་འཛུགས་ཞུས་ཐོག འབྱུང་འགྱུར་བདུན་ཕྲག་གཉིས་རིང་བྷོ་གོ་ཏའི་ནང་གི་རྡོ་རྗེ་འཇིགས་བྱེད་ཆོས་ཚོགས་དང་། མེག་སི་ཀོའི་(Casa Tibet) སན་ཇོ་སིའི་བོད་ཀྱི་རིག་གཞུང་ཚོགས་པ། ཨར་ཇེན་ཊི་ནཱའི་ (Buenos Aires) སན་ཊ་ཀུ་རུ་སུའི་ཐབས་ཤེས་དར་རྒྱས་གླིང་སོགས་སུ་དུས་ཆེན་སྲུང་བརྩི་ཞུས་ཏེ་མཐར་བ་རཱ་ཛིལ་བོད་ཁང་དུ་ལས་འགུལ་མཇུག་སྒྲིལ་གྱི་ཡོད། སྐོར་སྐྱོད་སྐབས་མཉམ་ཞུགས་པ་རྣམས་ནས་བྱམས་བརྩེའི་རྣམ་གཞག་དང་ཉམས་ལེན་སྐོར་རྒྱུས་ལོན་ཞུ་རྒྱུ་མ་ཟད། སྐོར་སྐྱོད་ལས་འགུལ་བརྒྱུད་འགྲོ་བ་མི་རིགས་སྤྱི་ཡོངས་ནས་བྱམས་བརྩེ་ཉམས་ལེན་གནང་རྒྱུའི་འབོད་སྐུལ་ཡང་ཞུ་གི་ཡོད། སྐབས་དེར་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་རྗེས་སུ་འབྲང་ནས་བྱམས་བརྩེ་ཉམས་ལེན་བྱེད་ན། ང་ཚོས་བདེ་སྐྱིད་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐུབ། དེས་ན། ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ཕེབས་པའི་༸སྐུའི་འཁྲུངས་སྐར་འདི་བྱམས་བརྩེའི་ཉམས་ལེན་འདི་བཞིན་ལྷོ་ཨ་རི་ཁུལ་དུ་ཁྱབ་འཕེལ་བཏང་སྟེ་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསུངས།
སྐོར་སྐྱོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་སན་ཀྲི་ཡ་གྷོ་ནང་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་སུ་ཚོགས་ཤིང་། སྐབས་དེར་གནད་དོན་ཡོད་མི་ཁག་གཅིག་དང་། ནང་པའི་རྗེས་འཇུག བོད་དོན་རྒྱབ་སྐྱོར་བ་སོགས་ལྷན་ཞུགས་གནང་ཐོག སྐོར་སྐྱོད་ལས་འགུལ་ངོ་སྤྲོད་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བཀའ་སློབ་ཀྱི་གལ་གནད་སྐོར་ངོ་སྤྲོད་གནང་རྗེས་འཁུར་ར་བཏུབ་སྟེ་དུས་ཆེན་སྲུང་བརྩི་ལེགས་པར་ཞུས་ཡོད་པ་བཅས།།