༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༨ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཧོལ་དུ་རྟེན་གཞི་བྱས་པའི་ལུགས་ཟུང་བཤད་གྲུབ་གླིང་དུ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱི་ལམ་སྟོན་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་ཚོགས་བཅར་བ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་གསུང་འདོན་དང་འབྲེལ་མགོན་པོ་མཆོག་གིས་འཁྲུངས་སྐར་ཉིན་སྩལ་བའི་གསུང་འཕྲིན་ཀོ་རི་ཡའི་སྐད་དུ་བསྒྱུར་ཏེ་གཟིགས་འབུལ་ཞུས། དེ་རྗེས་ལམ་རིམ་དང་དབུ་མའི་སྐོར་བགྲོ་གླེང་ཞིབ་རྒྱས་གནང་ཡོད་པ་ལྟར། ཚོགས་བཅར་བ་རྣམས་ནས་དད་ཚོར་ཆེན་པོས་གསན་གཟིགས་གནང་ཞིང་། མཐར་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ནས་མཇུག་སྡོམ་གསུང་བཤད་དང་མཛད་སྒོ་གོ་སྒྲིག་ཐད་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་འབྲེལ། དད་ལྡན་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ཉིན་རེའི་ལག་ལེན་དུ་འཁྱོལ་བ་གནང་དགོས་ཞེས་སོགས་གསུངས་ཡོད་པ་བཅས།།