༄༅། །ཉེ་ལམ་ཆར་ཞོད་ཆེ་བའི་རྐྱེན་གྱིས་རྒྱ་གར་ས་གནས་མང་དག་ཅིག་ཏུ་གཙང་ཆུ་རྒྱས་ཏེ་ཆུ་ལོག་གི་གནོད་སྐྱོན་འབྱུང་བའི་གནས་ཚུལ་ཐོན་དང་འཐོན་བཞིན་པ་ལྟར་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༡ དང་ ༡༢ ཉིན་ལྡི་ལི་ཁུལ་དུ་ཆར་བ་འབབ་ཤུགས་ཆེ་བའི་རྐྱེན་གྱིས་ལྡི་ལི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་བུདྷ་ཝི་ཧར་གཉིས་ཀྱི་ཉེ་འགྲམ་གྱི་ཡཱ་མུ་ནའི་གཙང་ཆུ་རྒྱས་ཏེ་བོད་མི་གནས་སྡོད་ས་གནས་གཉིས་པོའི་ནང་ཆུ་ལོག་བརྒྱུགས་ནས་ཛ་དྲག་གནས་སྟངས་བྱུང་བའི་གནས་ཚུལ་ཐོན་མ་ཐག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ལྡི་ལི་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་བོད་མིའི་ངལ་སེལ་ལས་དོན་སྤེལ་ཕྱོགས་ཐད་ལམ་སྟོན་བཀོད་མངགས་དང་སྦྲགས་ས་གནས་བོད་མིའི་ངལ་སེལ་རོགས་སྐྱོར་སླད་ཧིན་སྒོར་འབུམ་ ༣ མཁོ་སྤྲོད་ཞུས་ཡོད།
གོང་གསལ་བོད་མི་གནས་སྡོད་ས་གནས་གཉིས་ཀྱི་ནང་ནས་ལ་དྭགས་བུདྷ་ཝི་ཧར་ནང་ཆུ་ལོག་རྒྱུག་ཤུགས་ཆེ་བའི་རྐྱེན་གྱིས་ས་གནས་ཀྱི་སྡོད་ཁང་འོག་མ་ཡོངས་རྫོགས་ཆུས་བསྣུབས་ཏེ་ས་གནས་མང་ཚོགས་རྣམས་ཕྱིར་ཐོན་མི་ཐུབ་པར་སྡོད་ཁང་སྟེང་ཐོག་ཏུ་ཆུ་གཡོལ་དུ་གནས་དགོས་བྱུང་སྟབས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ལྡི་ལི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་། རྒྱ་གར་རྒྱལ་ཡོངས་གོད་ཆག་ཉེན་སྐྱོབ་ལས་ཁུངས་ (National Disaster Response Force) ས་གནས་ཉེན་རྟོག་ལས་ཁུངས་བཅས་སུ་ཞབས་སྐུལ་ཞུས་འབྲས་སུ་མྱུར་སྐྱོབ་གྲུ་ཆུང་དང་མྱུར་སྐྱོབ་ལས་བྱེད་མཁོ་གཏོང་བྱུང་ཡོད་པར་བརྟེན་ས་གནས་མི་མང་ ༦༠ ཙམ་ཞིག་ཕྱིར་འདོན་ཐུབ་པ་བྱུང་ཡོད་པ་དང་། ལྷག་ལུས་མི་མང་རྣམས་ལ་འཐུང་ཆུ་དང་དགོས་མཁོའི་བཟའ་བཅའ་སོགས་མཁོ་སྤྲོད་ཐུབ་པ་བྱུང་ཡོད་འདུག
དེ་བཞིན་བོད་སྒར་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས་ནས་ཀྱང་ཆུ་ལོག་གི་གོད་ཆག་དེའི་འོག་བཟའ་བཏུང་གི་དཀའ་ངལ་འཕྲད་བཞིན་པའི་ས་གནས་མང་ཚོགས་རྣམས་ལ་ཞལ་ལག་རིན་མེད་ཐོག་མཁོ་སྤྲོད་གནང་ཡོད་འདུག
ཕྱི་ཚེས་ ༡༥ ཙམ་ནས་ཡཱ་མུ་ནཱའི་གཙང་ཆུ་འབྲི་འགོ་ཚུགས་ཡོད་པ་བཞིན་ད་ལྟའི་ཆར་བོད་མི་གནས་སྡོད་ས་གནས་གཉིས་ནང་རྒྱུག་བཞིན་པའི་གཙང་ཆུ་རྣམས་བྲི་ནས་ཆུ་ལོག་གི་དཀའ་ངལ་མེད་པར་འགྱུར་ཡོད་ཀྱང་། ས་གནས་ནང་བཙོག་ཆུ་དང་གད་སྙིགས་མང་དག་ཅིག་གཙང་ཆུ་དང་མཉམ་དུ་འཁྱིལ་ཡོད་པའི་རྐྱེན་གྱིས་ནད་འབུ་འདྲ་མིན་བརྒྱུད་ནད་ཡམས་ཁྱབ་ཉེན་གྱི་དོགས་ཟོན་འོག་ས་གནས་འགོ་འཛིན་ལས་ཁུངས་ནས་ས་གནས་གཉིས་སུ་ནང་འབུ་གཙང་སེལ་གྱི་འབུ་སྨན་གཏོར་རྒྱུའི་ལས་དོན་སྤེལ་བཞིན་ཡོད་འདུག་པ་བཅས།།