༄༅། །བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཚོ་སྔོན་པོའི་འགྲམ་གྱི་ཅང་ཤེས་ཁུག་གྲོང་བརྡལ་རྨོག་རུ་སྡེ་བ་རུ་རྟ་རྒྱུག་རྩེད་འགྲན་ཚོགས་སྐབས་སྒེར་གྱི་རླངས་འཁོར་ནང་ཚོང་རྫས་ཙག་ཙིག་བླུགས་ཏེ་ཁྲིམས་འགལ་ཚོང་ལས་གཉེར་བའི་ཉེས་མིང་འོག་བོད་མི་ཁག་ཅིག་འཛིན་བཟུང་བཙན་འཁྲིད་བྱས་འདུག
ཁ་སང་ཁེ་ཉིན་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་དུ་བོད་མི་ཚོང་ལས་གཉེར་མཁན་ཞིག་གིས་ཉེན་རྟོག་རུ་ཁག་ཅིག་ལ་ཁ་རྩོད་བརྒྱབ་སྟེ་རང་ཤི་རྒྱག་རྩིས་བྱས་རྗེས། སྐྱེས་པ་གཉིས་གསུམ་ཞིག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པར་བརྟེན། བཙན་འཁྲིད་བྱས་པའི་སྐྱེས་པ་ཞིག་གི་ཨ་མ་ལགས་ཉེན་རྟོག་པའི་རླངས་འཁོར་འོག་ཏུ་ཉལ་ཏེ། ཨ་་་་་ཧ་བོ། ཨ་ཧ་བོ། ཟེར་བཞིན་རང་སྲོག་བློས་གཏོང་གིས་བཀག་འགོག་བྱེད་བཞིན་པའི་བརྙན་ཐུང་སྐར་མ་ ༡༡ ལྷག་ཅན་ཞིག་ཁྱབ་བཞིན་འདུག ཡིན་ནའང་། བརྙན་དེར་འགྲེལ་བཤད་ཁ་གསལ་མི་འདུག
འདི་གའི་གསར་འགོད་པས་ཡར་མར་རྒྱུས་ལོན་བྱས་ཏེ་ཁ་གསལ་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཁོངས་ཀྱི་མཚོ་སྔོན་པོའི་འགྲམ་གྱི་ཅང་ཤེས་ཁུག་གྲོང་བརྡལ་རྨོག་རུ་སྡེ་བ་རུ། བོད་མི་ཁ་ཤས་ཀྱིས་སྒེར་གྱི་རླངས་འཁོར་ནང་ཚོང་ཟོག་ཙག་ཙིག་བཞག་སྟེ་བཙོང་སྐབས། གསེར་ཆེན་རྫོང་གི་ཉེན་རྟོག་པས་ཁྲིམས་འགལ་གྱིས་ཚོང་ལས་གཉེར་བཞིན་ཡོད་པའི་ནག་ཉེས་བཙུགས་ཏེ། ཚོང་རྫས་འཕྲོག་རྩིས་བྱས་པར་བརྟེན། ཚོང་བདག་ནང་མི་དེས་བཀག་འགོག་བྱས་ཏེ། གཞན་ལ་གང་ཡང་བྱེད་ཀྱི་མི་འདུག ང་ཚོའི་ཚོང་རྫས་ག་རེ་བྱས་ནས་འཕྲོག་གི་ཡོད་ཅེས་བཤད་རེས་བརྒྱབ་པ་མ་ཟད། གཞོན་ནུ་ཞིག་གིས། ཚོང་རྫས་སྤྲོད་ཀྱི་མིན། ང་སོད། ང་སོད་ཤོག་ཅེས་རང་ཉིད་ཀྱི་མགོ་རླངས་འཁོར་ལ་རྡུང་བཞིན་འདུག
མཐའ་མའི་བརྙན་ཐུང་དུ་སྐྱེས་པ་གཉིས་གསུམ་ཞིག་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་རླངས་འཁོར་ནང་དུ་བཅུག་སོང་བ་དང་། འགྲམ་དུ་ཨ་མ་མིན་འགྲོ་བསམ་པའི་བུད་མེད་རྒན་པ་གཉིས་ཀྱིས་ངུ་འབོད་བྱེད་བཞིན། ངེད་གཉིས་ཀྱང་འཁྲིད་སོང་ཞེས་རླངས་འཁོར་ནང་དུ་བཙན་གྱིས་འཛུལ་བཞིན་འདུག་ཀྱང་། ཉེན་རྟོག་པས་བཀག་སྟེ་འཛུལ་བཅུག་མ་སོང། དེ་ནས་གཞོན་ནུ་དེའི་ཨ་མ་ལགས་ལམ་སང་ཉེན་རྟོག་པའི་རླངས་འཁོར་འོག་ཏུ་ཉལ་སྟེ། ཨ་་་་་ཧ་བོ། ཨ་་་་ཧ་བོ། ཞེས་མོ་རང་རླངས་འཁོར་གྱིས་བསད་ནས་ཕྱིན་ན་མ་གཏོགས་གཏོང་རྒྱུ་མིན་པའི་ངོ་རྒོལ་བྱེད་བཞིན་པ་སོགས་མཐོང་གི་འདུག
ཁ་སང་ཕྱི་ཚེས་ ༢༣ ཉིན་གསེར་ཆེན་རྫོང་ཉེན་རྟོག་ཁང་གིས་དེའི་སྐོར་ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ལ་རྫོང་རིམ་པས་ཡུལ་སྐོར་བྱེད་སྒོ་སྤེལ་ཡུལ་དུ། མི་ཁག་ཅིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་མཚམས་འཇོག་བྱས་བཅུག་ཡོད་ཀྱང་། རང་སྲོག་གཅོད་པ་དང་དབང་བོ་སྐྱོན་ཅན་གྱི་བྱ་ཐབས་སྤྱད་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཡུལ་དངོས་བརྙན་དུ་བླངས་ནས་དྲ་ལམ་མང་པོར་ཁྱབ་སྤེལ་བཏང་ནས་སྤྱི་ཚོགས་སྟེང་དུ་རྙོག་དྲ་བཟོས་ཡོད་པས། འབྲེལ་ཡོད་ཚང་མ་བཀག་ཉར་བྱས་ཏེ་དངུལ་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག
དེའི་སྐོར་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས།དེང་སང་བོད་ནང་གི་ས་ཆ་གང་ས་གང་དུ་ཡིན་ཀྱང་། མི་ཚོགས་འཛོམས་སར་མི་མང་པོའི་རང་ཉིད་ཀྱི་འཚོ་བ་བསྐྱལ་བའི་ཆེད་དུ་གུར་སོགས་བརྒྱབ་ནས་ཚོང་རྫས་ཙག་ཙིག་རེ་བཙོང་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཀྱི་ཡོད་འདུག ཁ་ཤས་ཀྱིས་གུར་ཡང་བརྒྱག་མ་ཐུབ་པར་རླངས་འཁོར་ནང་དུ་ཚོང་རྫས་འཁྱེར་ཏེ་འཚོང་བཞིན་ཡོད་པ་རེད། ཐེངས་འདིའི་གནས་སྟངས་དེ་ཡང་མི་མང་གིས་རླངས་འཁོར་དུ་ཅ་ལག་ཙག་ཙིག་འཁྱེར་ཏེ་བཙོང་བའི་རྐྱེན་གྱིས། གསེར་ཆེན་རྫོང་གི་ས་གནས་ཉེན་རྟོག་པ་ཡོང་སྟེ་ཚོང་རྫས་བཙོང་སྟངས་དེ་ནི་ཁྲིམས་མཐུན་མིན་པ་དང་། ཚོང་རྫས་ཚང་མ་གཞུང་བཞེས་གཏོང་རྒྱུའི་འཇིགས་སྐུལ་བྱས་པས། མི་མང་གིས་དེ་ནི་དྲང་བདེན་མིན་པའི་གསལ་བཤད་བྱས་ཡོད་ཀྱང་། ཉེན་རྟོག་པས་དེ་འབྲེལ་གྱི་མི་ཚང་མ་འཛིན་བཟུང་བྱས་ཏེ་ཉེན་རྟོག་པའི་རླངས་འཁོར་དུ་བཅུག་ནས་ཁྲིད་ཡོད་འདུག གནས་ཚུལ་བྱུང་སའི་ཡུལ་དངོས་ཀྱི་ཉེན་རྟོག་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་རེད། གནས་ཚུལ་འདིའི་སྟེང་དུ་ང་ཚོས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། སྨྲ་བརྗོད་རང་དབང་མེད་པ། འགྲོ་འདུག་སྤྱོད་གསུམ་ལ་རང་དབང་ཅི་ཡང་མེད་པ་མ་ཟད། རྒྱ་གཞུང་གིས་ཉེན་རྟོག་པས་བོད་མི་རྣམས་ལ་ཉིན་རེ་བཞིན་ལྟ་རྟོག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མངོན་གསལ་དོད་བོ་ཡིན་པའི་བདེན་དཔང་ཞིག་རེད། ཞེས་བརྗོད་སོང་།
ཡང་ཁོང་གིས། ཐེངས་འདིའི་ཡུལ་དངོས་ཀྱི་གནས་ཚུལ་དང་པོ་མཐོང་མ་ཐག་བོད་པ་དང་བོད་པའི་བར་དུ་འཁྲུག་རྩོད་འབྱུང་བཞིན་པའི་རྣམ་པ་ཞིག་ཏུ་མཐོང་མོད། ས་གནས་དེ་གའི་ཉེན་རྟོག་པ་མང་ཤོས་བོད་རིགས་ཡིན་ཡང་། རྒྱ་ནག་གཞུང་གི་མགོ་ཁྲིད་རིམ་པས་བཙན་བཀའ་བཏང་ཡོད་པས། སོ་སོའི་མི་རིགས་ཀྱིས་རོང་འབྲོག་མང་ཚོགས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིའི་གནས་སྟངས་ཐོག་ནས་ཤུགས་ཀྱིས་ཧ་གོ་ཐུབ་པ་ཞིག་རེད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།