༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་ས་ཊོན་ཁམས་ཀཿ ཐོག་གཞིས་ཆགས་སུ་ཆགས་པའི་སྔ་འགྱུར་སྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཤར་རྒྱལ་བ་ཀཿ ཐོག་པའི་འཕགས་ཡུལ་ཀཿ ཐོག་དགོན་དུ་ཤར་རྒྱལ་བ་ཀཿ ཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་ཀ་དམ་བདེ་བར་གཤེགས་པ་འཇིན་རྟེན་འདིར་བྱོན་ནས་མི་ལོ་ ༩༠༠ འཁོར་བའི་དུས་དྲན་དང་། ཀ་དམ་བདེ་བར་གཤེགས་པའི་རྣམ་ཐར་དབུ་འབྱེད་མཛད་སྒོ་འཚོགས་ཡོད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༸སྐྱབས་རྗེ་སྟང་རིན་པོ་ཆེ་མཆོག རྙིང་མ་ཀཿ ཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག ཆོས་རིག་བཀའ་བློན་སྐུ་ཚབ་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས། ཉེ་འཁོར་དང་བཅས་པའི་ས་གནས་འགོ་འཛིན་རྣམ་པ། ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། ཁམས་ཀཿ ཐོག་བོད་མིའི་ཚོགས་པ་བཅས་ཀྱི་ཚོགས་གཙོ་ཚོགས་གཞོན་ཁག་ཅིག་ཕེབས་ཡོད། དེ་བཞིན་ཁམས་ཀཿ ཐོག་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་རྙིང་པ་དིལླཱི་བསམ་ཡས་གླིང་དུ་གནས་སྡོད་གནང་མཁན་སྐུ་ཚབ་དང་། སྦྱིན་བདག་ཁག པུ་རུ་ཝ་ལའི་སློབ་གྲྭའི་དགེ་སློབ། ཁམས་ཀཿཐོག་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་བཅས་ཕེབས་ཡོད།
མཛད་སྒོའི་ཐོག་གསུང་བཤད་རིམ་པ་ཡོད་པའི་ཁྲོད་ནས་ཐོག་མར་སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དང་། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་གསུང་འཕྲིན་ཕེབས་པ་བཅས་སྒྲོགས་སྦྱང་གནང་། དེ་ནས་རྙིང་མ་ཀཿ ཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་ནས་ཕེབས་བསུ་དང་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་། དེའི་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ༸སྐྱབས་རྗེ་སྟང་རིན་པོ་ཆེ་མཆོག ཆོས་རིག་བཀའ་བློན་སྐུ་ཚབ་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་སོགས་ཀྱི་གསུང་བཤད་ལས་རིམ་དང་། གསུང་བཤད་ལས་རིམ་བར་ལ་པུ་རུ་ཝ་ལ་སློབ་གྲྭ་སོགས་ཀྱི་གཞས་སྣ་གཟིགས་འབུལ་ཞུས།
དེ་བཞིན་སྐུ་མགྲོན་རྣམས་ཀྱིས་ཆོས་རྗེ་དམ་པ་ཀ་དམ་བདེ་བར་གཤེགས་པའི་རྣམ་ཐར་དཔེ་དེབ་དབུ་འབྱེད་གནང་། ཉིན་རྒྱབ་ལའང་གསུང་བཤད་ལས་རིམ་དང་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང་།
འཕགས་ཡུལ་ཀཿཐོག་དགོན་པ་འདི་རྒྱ་གར་ནང་སྐྱབས་རྗེ་དབོན་པོ་སྤྲུལ་སྐུ་མཆོག་ནས་ཕྱི་ལོ་ ༡༩༦༧ ལོར་ཁམས་ཀཿ ཐོག་བོད་མིའི་གཞིས་ཆགས་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༧༩ ལོར་དགོན་པ་ཕྱག་བཏབ། དེ་ནས་རིམ་བཞིན་སྐྱབས་རྗེ་དབོན་པོ་སྤྲུལ་སྐུ་མཆོག་དང་། སྐྱབས་རྗེ་དྲི་མེད་ཞིང་སྐྱོང་སྤྲུལ་སྐུ། ཉག་རོང་མཁན་པོ་སོགས་ཀྱིས་དགོན་པའི་འཛིན་སྐྱོང་གནང་ཡོད། ད་ལྟའི་ཆར་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་དབུ་འཛིན་གནང་མུས་ཡིན། ད་ཆ་དགོན་པར་དགེ་འདུན་ཞལ་གྲངས་ ༣༠ ཙམ་ཡོད་པ་བཅས།།