༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གནས་མཆོག་ཝཱ་རཱ་ཎ་སཱིའི་མཆོད་རྟེན་རིན་པོ་ཆེ་དང་། དགའ་ལྡན་ཆོ་འཕྲུལ་སྨོན་ལམ་དགེ་རྩ་ཚོགས་པ། བཀའ་བརྒྱུད་ཁྲ་འགུ་དགོན། རྙིང་མ་དགོན། ཨུ་རྒྱན་བསམ་ཡས་ཆོས་འཁོར་དགོན་དུ་གནས་གཟིགས་སུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འཛིན་ཁང་དང་། ཞི་འཚོ་དཔེ་མཛོད་ཁང་། གསོ་རིག་སྡེ་ཚན་སོགས་སུ་གཟིགས་སྐོར་དང་། དེ་རྗེས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ལྷན་དུ་ཚོགས་འདུ་འཚོགས་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་ནས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབས་ཤིང་། བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་བའི་རྒྱ་གར་གྱི་གནའ་བོའི་ཤེས་རིག་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཝཱ་རཱ་ཎ་སཱིའི་འཚམས་གཟིགས་ལེགས་པར་གྲུབ་མཚམས་དེ་རིང་ཕྱི་དྲོ་ཆུ་ཚོད་བཞི་པ་ཙམ་ལ་མཁའ་གྲུ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ལྡི་ལིར་འཚེ་བ་མེད་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་བཅས།།