༄༅། །འདི་གར་ཐའི་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༩ རེས་གཟའ་ལྷག་པའི་ཉིན། ཐའེ་ཝན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཐའེ་ཝན་ཞིབ་དཔྱོད་ལྷན་ཁང་གི་ཚོགས་ཁང་ཆེ་མོར། ཐའེ་ཝན་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣམ་པ་ཅི་རིགས་ཐོག་མི་རིགས་མཐོང་ཆུང་མེད་པ་བཟོ་རྒྱུའི་རྒྱལ་སྤྱིའི་སྤྱི་ཆིངས་(ICERD)ལག་བསྟར་ཇི་བྱས་ཀྱི་སྙན་ཐོ་དང་པོར་རང་དབང་ཅན་གྱི་དཔྱད་སྤོག་ཁྱབ་སྤེལ་བྱས་པའི་ཡོངས་གྲགས་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། མཛད་སྒོ་དེར་ཨ་རི་དང་། ཨོསྟྲེ་ལི་ཡཱ། ཨིན་ཌོ་ནེ་ཤི་ཡཱ། ཨིཛ་རེལ། ཇར་པུར་གླིང་། ཕི་ལི་པིན་སོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་ལས་བྱེད་མི་སྣ་གདན་འདྲེན་ཞུས་པའི་ཁོངས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་སྤྱི་མཚུངས་གདན་འདྲེན་ཞུས་པ་ལྟར་མཉམ་ཞུགས་གནང་ཡོད་པ་རེད།
མཛད་སྒོ་དེ་ནི་ཡོངས་གྲགས་ཐད་གཏོང་གི་མཛད་རིམ་ཞིག་ཆགས་ཀྱི་ཡོད་སྟབས། ཐའེ་ཝན་དབུས་ཞིབ་དཔྱོད་ལྷན་ཁང་གི་ཚོགས་གཙོ་གཙོས་པའི་ཚོགས་གཞོན་ཡོངས་རྫོགས་ལྷན་ཞུགས་གནང་ཡོད་པ་མ་ཟད། གསར་འགོད་པ་ཤིན་ཏུ་མང་པོ་ཕེབས་ཡོད་པ་དང་། འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཉམས་ཞིབ་པ། གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་བཅས་ཀྱང་གདན་འདྲེན་ཞུས་འདུག
མཛད་སྒོའི་ཐོག་ཐའེ་ཝན་དབུས་ཞིབ་དཔྱོད་ལྷན་ཁང་གི་ཚོགས་གཙོ་དང་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གཅིག་ལྕོགས་ལྕམ་ཁྲིན་ཅུན་ལགས་ནས་ནན་བཤད་གནང་དོན། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་རྒྱུ་ནི་རྫོགས་མཐའ་མེད་པའི་ལས་འགན་ལྕི་མོ་ཞིག་ཡིན་ཞིང་། ཐའེ་ཝན་གཞུང་གིས་སྙན་ཐོ་ཐེངས་དང་པོ་བཏོན་པར་ད་ཐེངས་རང་དབང་ཅན་གྱི་སྡེ་ཚན་ནས་དཔྱད་སྤོག་གི་བསམ་འཆར་ཁྱབ་སྤེལ་བྱས་པ་དེ་ནས་མགོ་བཙུགས་ཏེ། ཁྲིམས་སྒྲིག་ཁ་གསལ་མེད་པའམ་ལག་བསྟར་ཚུལ་དང་མཐུན་པ་མེད་པའི་དབང་གིས་མི་རིགས་འདྲ་མཉམ་མེད་པའི་སྣང་ཚུལ་ལྷག་པ་དང་། ལྷག་པར་དུ་ངན་གོམས་སུ་ཆགས་པའི་མཐོང་ཆུང་གི་རིག་གཞུང་མངོན་བཞིན་པའི་རྣམ་པ་དེ་དག་ལ་ཚང་མས་དོ་སྣང་སླེབས་ཏེ། མི་རིགས་མཐོང་ཆུང་གི་གནད་དོན་མེད་པ་བཟོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས།
རྩ་བའི་ཐའེ་ཝན་ནི་ཕྱི་ལོ་ ༡༩༦༦ ལོའི་ཟླ་ ༣ ཚེས་ ༣༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས(ICER)དེར་མཚན་རྟགས་འགོད་མཁན་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་ ༡༩༧༠ ལོར་ཐའེ་ཝན་གྲོས་ཚོགས་ནས་ཆོག་མཆན་གནང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་སྡེ་ཚན་དུ་ལས་རིམ་ཆ་ཚང་ཡོད་པ་ཞིག་རེད་འདུག ཕྱིས་སུ་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱིར་ཕུད་པའི་དབང་གིས་ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་གྲས་ཆགས་ཀྱི་མེད་ཀྱང་། འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་སྤྱིའི་ཚད་གཞི་ལོན་ཆེད་ཐའེ་ཝན་ནས་རང་འགུལ་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལག་བསྟར་བྱེད་རྒྱུའི་ཁས་ལེན་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་བཤེར་བྱེད་སྟངས་དང་ཐའེ་ཝན་ས་གནས་ཀྱི་ཉམས་མྱོང་ཟུང་དུ་འབྲེལ་ནས་ན་ནིང་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་སྙན་ཐོ་དང་པོ་བཏོན་ཡོད་པ་རེད།
སྙན་ཐོ་དེར་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གཞོན་པ་གསུམ་ནས་རྐང་འགན་བཞེས་ཏེ་དཔྱད་སྤོག་བསམ་འཆར་བཏོན་ཡོད་པ་དང་། གདོད་མའི་མི་རིགས་དང་། ཕྱི་མི་གནས་སྤོས། གསར་འཛུལ་མི་སེར། ལས་སྤོར་ཡུལ་མི་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གསལ་བའི་ནང་། བོད་མི་ཚོར་མཐོང་མཆན་གྱི་དཀའ་ངལ་འཕྲལ་བཞིན་པ་དེ་མི་རིགས་མཐོང་ཆུང་དང་མི་རིགས་འདྲ་མཉམ་མིན་པའི་ཁོངས་སུ་བཀོད་ཡོད་པ་བཅས།།