༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་ཁྱབ་ཁོངས་མལ་སི་ཆུ་སི་ (Massachusetts) བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ “ ཐོན་མིའི་ལེགས་བཤད་སློབ་གྲ ” ཞེས་པའི་མཚན་བྱང་གསོལ་རས་གནང་འདུག
དེ་ཡང་། མལ་སི་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པས་གནས་ཚུལ་བཏང་བར་གཞིགས་ན། བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ “ཐོན་མིའི་ལེགས་བཤད་སློབ་གྲ ” ཞེས་མཚན་བྱང་གསོལ་སྩལ་གནང་བ་དེ་ནི། འདི་ལོ་ཟླ་བ་གསུམ་པའི་ནང་ཇི་ལྟར་སྙན་སེང་ཞུས་པ་དོན་སྨིན་བྱུང་བ་ཞིག་ཡིན་པ་དང་། ས་གནས་མང་ཚོགས་ནས་འོས་འདེམས་བྱས་པའི་མལ་སི་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་ཀུན་བཟང་ལགས་ཀྱིས་ “ ང་ཚོ་རྒྱུན་ལས་ཐུན་མོང་ནས་ང་ཚོའི་གཟའ་མཇུག་སློབ་གྲྭར་མིང་ཞིག་གསོལ་སྩལ་ཡོང་བའི་༸སྙན་སེང་ཞུས་དོན་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ “ཐོན་མིའི་ལེགས་བཤད་སློབ་གྲ” ཞེས་གསོལ་རྩལ་བྱུང་བ་ནི། བྱིན་གྱིས་རླབས་པའི་མཚན་བྱང་ཞིག་ཡིན་སྟབས་རྒྱུན་ལས་གཙོས་ས་གནས་མང་ཚོགས་ཡོངས་རྫོགས་དགའ་སྤོབས་ཆེན་པོ་བྱུང་། དེར་བརྟེན་ཟླ་བ་བདུན་པའི་ཚེས་དྲུག་༸སྐུའི་འཁྲུངས་སྐར་ཉིན་མོ་ནས་བཟུང་ང་ཚོའི་གཟའ་མཇུག་སློབ་གྲྭའི་གཞུང་འབྲེལ་གྱི་མིང་ལ་ “ཐོན་མིའི་ལེགས་བཤད་སློབ་གྲྭ ” ཞེས་དངོས་སུ་གཏན་འཁེལ་བྱས་པ་ཡིན། གོ་སྐབས་འདི་བརྒྱུད་ང་ཚོའི་ས་གནས་སེར་སྐྱ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་གི་ཡོད།” ཅེས་འགྲེལ་བརྗོད་གནང་གི་འདུག
བྱང་ཨ་རིའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་ཆེ་ཆུང་བསྡོམས་ ༣༠ ཡོད་པ་དང་། དེའི་ཁྲོད་གཟའ་མཇུག་སློབ་གྲྭ་གཉེར་མཁན་སྤྱི་མཐུན་ཚོགས་པ་ ༢༠ ཙམ་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མལ་སི་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ “ཐོན་མིའི་ལེགས་བཤད་སློབ་གྲ” ནི་ཐོག་མར་ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་གསུམ་པར་འགོ་བཙུགས་པ་དང་། དེང་སྐབས་སློབ་ཕྲུག་ ༢༤ དང་། དང་བླངས་དགེ་རྒན་ ༦ ཡོད་པ་རེད་འདུག །