༄༅། །རྒྱ་ནག་གཞུང་གིས་བོད་མི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་བུན་གཡར་གཡོ་ཟོལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཉེ་ལམ་བརྙན་བརྒྱུད་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཟུགས་གཞི་གནས་སྟངས་ལ་བློ་འཚབ་བསྟན་བཞིན་ཁོང་དང་ཐུག་འཇུག་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་བརྙན་ནང་མགོན་པོ་སྐྱིད་ལགས་ཀྱིས། ངས་དྲང་བདེན་བཤད་ས་མི་འདུག བཙོན་ཁང་གི་སྒོ་དྲུང་དུ་ཕྱིན་ན་ཉེས་རྡུང་བཙོན་འཇུག་བྱེད་ཀྱི་ཡིན་ཞེས་འཇིགས་སྐུལ་གཏོང་གི་འདུག ངས་བརྙན་བརྒྱུད་ནས་མ་གཏོགས་བདེ་སྡུག་དང་རེ་བ་ཞུ་ས་མི་འདུག་ཅེས་བཤད་འདུག། རྡོ་རྗེ་བཀྲ་ཤིས་ལགས་འཛིན་བཟུང་བྱས་ཏེ་ད་བར་ལོ་གསུམ་རིང་རྒྱ་ནག་གཞུང་གིས་མགོན་པོ་སྐྱིད་ལགས་སུ་རང་གི་བུ་སྤྲུན་ཐུག་འཕྲད་བྱེད་འཇུག་མེད་ཅིང་། ཁོང་མོས་ཕྱི་ལོ་ ༢༠༢༡ ནས་རེ་སྐུལ་ཐེངས་མང་བྱས་མཐར་ཐེངས་གཅིག་བརྙན་བརྒྱུད་ཐུག་འཕྲད་བྱེད་འཇུག་ཡོད་ནའང་དེ་རྗེས་ཁོང་མོའི་བུ་སྤྲུན་དང་འབྲེལ་ལམ་བྱེད་རྒྱུར་དམ་བསྒྲགས་ཆེ་རུ་བཏང་ཡོད།
མགོན་པོ་སྐྱིད་ལགས་ནས་བརྙན་ནང་། ད་ཆ་ཕྱི་ལོ་ ༢༠༢༣ སླེབས་ཚར་ནའང་ངའི་སྤུན་རྡོ་རྗེ་བཀྲ་ཤིས་ལ་ཡི་གེ་གཏོང་འཇུག་གི་མེད། ཐུག་འཕྲད་བྱེད་འཇུག་མེད། དེ་ནས་ཟླ་བ་བདུན་པའི་ནང་ཐུག་འཕྲད་བྱེད་འཇུག་གི་ཡིན་ལབ་སོང་ཡང་ཐུག་འཕྲད་བྱེད་དུ་བཅུག་མ་སོང་། དེ་ནས་ཟླ་བ་བདུན་པའི་ཚེས་ལྔ་ཉིན་ང་རང་ཕྱིན་ནས་གཟའ་ཕུར་བུའི་ཉིན་ཐུག་འཕྲད་བྱེད་འཇུག་རོགས་ལབ་ཡིན། དེ་ནས་ཁོ་ཚོས་ཁ་པར་གཏོང་ཡོང་། ཁ་པར་མ་བཏང་བར་དུ་ཁྱོད་རང་འདིར་སླེབས་ན་འགྲིག་གི་མ་རེད། གལ་སྲིད་ཁྱེད་རང་འདིར་ཡོང་ནས་ལབ་པ་ཡིན་ན། ནག་ཁུང་ནང་དུ་དབྱུག་གི་ཡིན། ཡང་མིན་འཇུ་བཟུང་བྱེད་ཀྱི་ཡིན་ཞེས་ཟེར། ཞེས་བཤད་འདུག
ཁོང་བཞིན་ཁོང་མོས་མུ་མཐུད། ང་ཚོ་ལ་ཁོ་ཚོས་འཇིགས་སྐྲག་སྐུལ་བ་དེར་ང་ཚོས་བསྟུན་ཐབས་མེད། ཁ་པར་གཞུང་བཞེས་གཏོང་གི་འདུག ཁོ་ཚོར་བསྟུན་ཐབས་བྱེད་པའི་ལག་ཆ་ཚང་མ་གཞུང་བཞེས་གཏོང་གི་འདུག བཙོན་ཁང་དྲུང་དུ་སོང་ན་རེད། བཙོན་ཁང་སྒོ་དྲུང་གི་སྤྱི་བདེ་མི་སྣ་ཡིན་ན་རེད། མངག་གཏོང་ཁང་ཡིན་ན་རེད། ཚང་མས་བཟུང་ཡོད་པ་རེད། ང་ཚོ་ལ་འདི་བསྟུན་ཐབས་བྱེད་པའི་ཐོབ་ཐང་དང་དབང་ཆ་མེད། ང་ཚོའི་ཐོག་ལ་ཁྲིམས་མང་པོ་ཞིག་ལབ་ཡོང་གི་འདུག རྒྱལ་ཁབ་ཀྱི་རྩ་ཁྲིམས་སྟེང་ནས་མང་ཚོགས་དང་དཔོན་པོའི་མགོ་ཐོག་ཏུ་ཡང་ཁྲིམས་འདྲ་མཉམ་རེད། ང་ཚོར་བྱས་པ་དེ་བརྙན་ཐུང་ནང་ལེན་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོར་ལེན་དུ་འཇུག་གི་མི་འདུག ལག་ནས་ཁ་པར་གཞུང་བཞེས་བཏང་ནས་ང་ཚོར་གཅར་བརྡུང་བྱས་ནས་བརྙན་ལེན་དུ་འཇུག་གི་མི་འདུག མི་གཅིག་གི་ཐོག་ལ་མི་བཞི་རེ་ལྔ་རེ་ཡོང་གི་འདུག བཙོན་ཁང་གི་སྒོ་སྲུང་དྲུང་དུ་སོང་ན་ཡང་དེ་འདྲ་ཞིག་རེད། ཁོ་ཚོས་བསྒྲུབས་ཟིན་པ་ཞིག་ངས་ལབ་ཆོག་ནའང་ལབ་ཀྱི་ཡིན། ལབ་མི་ཆོག་ནའང་ལབ་ཀྱི་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་ནས་དཔོན་པོ་དང་མང་ཚོགས་གཉིས་ཀ་ཁྲིམས་འདྲ་མཉམ་རེད། རྒྱ་དང་བོད་ཀྱི་མགོ་ལའང་ཁྲིམས་འདྲ་མཉམ་རེད། ང་ཚོར་འདྲ་མཉམ་བྱེད་ཀྱི་ཡོད་དམ། ཞེས་དང་།
དེ་ནས་བཙོན་ཁང་སྒོ་དྲུང་དུ་སོང་ནས་ཀྱང་ངས་འདི་ལྟར་ལབ་པ་ཡིན། ང་རང་གི་རེ་བ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་མེད་པ་ཞིག་ཡིན་ན། ཁྱོད་ཚོས་ང་ལ་ཁྲིམས་ག་རེ་བཙུགས་ནའང་ངས་ཁུར་ཆོག ཁྱེད་རང་ཚོ་ཁྲིམས་བཟོ་མཁན་རེད། རང་གི་བཙོན་པ་རང་གི་ནང་མིར་ཐུག་འཕྲད་བྱེད་འཇུག་རོགས་ཟེར་བའི་ཐོབ་ཐང་དང་དབང་ཆ་མེད་པར་ང་ལ་འདི་འདྲ་ཞིག་བསྒྲུབ་ཏུ་འཇུག་གི་ཡིན་ལབ་ཀྱི་ཡོད། ཞེས་སོགས་རྒྱ་ནག་གཞུང་གི་ཁོང་མོར་དྲང་བདེན་མ་བྱས་པར་བློ་འཕམ་དང་སྦྲགས། བརྙན་བརྒྱུད་དཀའ་ངལ་རྣམས་ཡོངས་ཁྱབ་གནང་ཡོད།
སྤྱིར་མགོན་པོ་སྐྱིད་ཀྱིས་དེ་སྔོན་ཕྱི་ཟླ་ ༠༥ ཚེས་ ༠༣ ཉིན་བརྙན་ཞིག་ཁྱབ་སྤེལ་བཏང་བའི་ནང་ཁོང་མོས་ཁྲིམས་དཔོན་གྱིས་དྲང་པོ་མ་བྱས་པར་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་ཁྲིམས་ཁང་ནས་ལན་འདེབས་གང་ཡང་བྱས་མེད། དེ་བཞིན་ཕྱི་ཟླ་ ༠༣ ཚེས་ ༢༠ ཉིན་ཁོང་མོས་སྟོད་ཐུང་དཀར་པོ་ཞིག་སྟེང་རྡོ་རྗེ་བཀྲ་ཤིས་ལ་ཉེས་འཛུགས་བྱས་པ་རྣམས་བདེན་པ་མིན་ཞེས་བྲིས་ཏེ་ངོ་རྒོལ་བྱས་ཤིང་། ཕྱི་ཚེས་ ༢༡ ཉིན་ཁོང་མོར་ཉེན་རྟོག་ལས་ཁུངས་མདུན་དུ་ཉེས་བརྡུང་གཏོང་བཞིན་པའི་བརྙན་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཐོན་ཡོད། ཕྱི་ཟླ་ ༠༣ ཚེས་ ༣༡ ཉིན་ལྷ་སའི་སྤྱི་བདེ་ལས་ཁུངས་ནས་རྡོ་རྗེ་བཀྲ་ཤིས་ཀྱི་བུ་སྤྲུན་རྡོ་རྗེ་ཚེ་བརྟན་འབོད་འགུགས་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ཀྱི་འགྱོད་གཞིར་འགྱུར་བ་ཐེབས་རྒྱུའི་རེ་བ་མེད་སྐོར་བཤད་མ་ཟད། སུ་རུང་ཞིག་ནས་ཐག་གཅོད་ལ་དགག་བྱ་བྱས་ན་བཙོན་འཇུག་ཉེས་ཆད་ཁེལ་ངེས་ཡིན་པ་བཤད་ཡོད།
རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བདེན་དཔང་ཚིག་ཐོར་གཞི་བཞག་ན། ཁོང་ལ་གློག་གི་དབྱུག་པས་རྡུང་རྡེག་དང་། སྣའི་ནང་སི་པན་བླུགས་པ། ཁ་ལག་དུས་ཐོག་མ་སྤྲད་པ། ལག་པ་བཀྱིགས་ཏེ་དཔྱང་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པའི་སྐོར་གསལ་སྟོན་བྱས་ཡོད་པ་བཅས།།