༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནང་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱི་གོ་སྒྲིག་འོག འདི་ཟླའི་ཚེས་ ༡ ནས་ཟླ་ ༡༢ པའི་ཚེས་ ༣༡ བར་ཟླ་དྲུག་རིང་གི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཀྱི་དབུ་འབྱེད་མཛད་སྒོ་ཚོགས་ཡོད།
ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། བོད་རིགས་གཞོན་སྐྱེས་རྣམས་དང་། མཐོ་སློབ་མཐོན་པའི་བོད་པའི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་གནས་ཚད་གོང་མཐོར་གཏོང་ཐབས་དང་། ལྷག་པར་དུ་དུས་རབས་ཉེར་གཅིག་ཀྱི་ནང་པ་ཞིག་ཡིན་པའི་ཆ་ནས་ཉིན་རེའི་ཁ་འདོན་འདོན་པ་ཙམ་མ་ཡིན་པར་ནང་ཆོས་ཀྱི་གོ་དོན་རྟོགས་པའི་ཐོག་ཉམས་ལེན་གནང་རྒྱུ་ནི་༸རྒྱལ་བའི་བཀའ་དགོངས་ཟམ་མོ་ཡིན་པས་ཟབ་སྦྱོང་འདི་བརྒྱུད་ནས་བོད་རིགས་གཞོན་སྐྱེས་རྣམས་ནས་ནང་པའི་ལྟ་གྲུབ་སྐོར་མཁྱེན་རྟོགས་ལེགས་པོ་ཡོང་ཐབས་སུ་ཡིན།
ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ས་གནས་ཁག་ ༡༡ ཙམ་ནས་གཞོན་སྐྱེས་ ༢༡ བྱུང་བའི་ཁོངས་དངོས་སུ་ཟབ་སྦྱོང་ལ་བཞུགས་མཁན་གཞོན་སྐྱེས་ ༡༦ བྱུང་ཡོད། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་དག་དབང་སངས་རྒྱས་ལགས། གཞན་ཡང་ཧུན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན། གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི། ཆོས་རིག་རིག་གཞུང་ཚན་པའི་འགན་འཛིན་བཅས་ལྷན་ཞུགས་གནང་སྟེ་ཟབ་སྦྱོང་དང་འབྲེལ་བའི་ཐོག་ངོ་སྤྲོད་གསུང་བཤད་གནང་ཡོད།
དུས་ཡུན་ཟླ་དྲུག་གི་ཟབ་ཁྲིད་འདིའི་རིང་སློབ་ཕྲུག་རྣམས་ལ་བོད་ཀྱི་བརྡ་སྤྲོད་དང་། ནང་ཆོས། རིག་ལམ། རྩོད་རྒྱུགས་སྦྱོང་བརྡར་སོགས་སློབ་ཁྲིད། གཞན་ཡང་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་རིམ་བཅས་ཡོད། །