༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༤ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་བཞི་པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་བོད་དོན་གོ་རྟོགས་གསུང་བཤད་ལས་རིམ་ཁོངས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་སྒྲིག་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། དེ་ཡང་གསུང་བཤད་ཀྱི་ཐོག་མར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ངོ་སྤྲོད་གནང་གྲུབ་རྗེས་དོན་གྲུབ་དབང་ཆེན་ལགས་ཀྱིས་གསུང་བཤད་གནང་སྐབས་ཁོང་ཉིད་བོད་དུ་བཞུགས་པའི་སྐབས་ཀྱི་འཚོ་བ་དང་། བོད་བསྟན་པ་ཆབ་སྲིད་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཕྱག་དཔེ་གཙོས་པའི་སྲིད་དོན་རྒྱལ་རབས་སོགས་བོད་དོན་དང་འབྲེལ་བའི་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་གྱིས་གཞིས་བཞུགས་རྒྱ་ཆེ་མང་ཚོགས་ལ་༸གོང་ས་མཆོག་གི་བཀའ་དགོངས་གཙོ་བོར་གྱུར་པའི་བོད་ཀྱི་དངོས་བྱུང་རྒྱལ་རབས་ལོ་རྒྱུས་གོ་རྟོགས་སྤེལ་རྒྱུའི་ལས་གཞི་སྤེལ་པའི་བརྒྱུད་རིམ་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཆེན་མོ་རྒྱ་ནག་ཏུ་འཚོག་གཏན་ཁེལ་བ་བཞིན་དོན་གྲུབ་དབང་ཆེན་ལགས་གཙོས་པའི་རྒྱལ་ཞེན་ལྷག་བསམ་ཆེ་བའི་བོད་རིགས་ཁག་གཅིག་གིས་བོད་ནང་གི་བོད་མིའི་འཚོ་བ་དང་། གཞིས་བཞུགས་རྒྱ་ཆེ་མི་མང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅངས་པའི་ལྷད་མེད་དད་སེམས། དེ་བཞིན་རྒྱ་ནག་ཏུ་འཚོག་ལ་ཉེ་བའི་ཨོ་ལམ་པིག་རྩེད་འགྲན་ཆེན་མོར་བོད་མི་རྣམས་ཀྱི་གཟིགས་ཕྱོགས་ཇི་ཡོད་ཤེས་རྟོགས་བརྒྱུད་སྤེལ་སླད་བཅར་འདྲི་བརྙན་བླངས་ཀྱིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་སྒྲིག་གནང་བའི་འཆར་གཞི་དམིགས་ཡུལ་དང་། བརྒྱུད་རིམ། དཀའ་ངལ། གྲུབ་འབྲས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་། དེ་བཞིན་མུ་མཐུད་ཁོང་གིས་བོད་ནང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་དྲག་གནོན་འོག་དཀའ་སྡུག་མྱངས་བའི་མྱོང་བ་ཕྱིར་དྲན་དང་འབྲེལ། མཐར་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་ཐད་ལས་རོགས་གནང་མཁན་རྣམས་དང་། ཁྱད་པར་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གྲོགས་ཞོགས་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཏེ་སྲི་ཞུའི་ལས་བྱེད་ཁག་གཅིག་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།