༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ནས་བེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས་འབོད་སྐུལ་གནང་བ་བཞིན། འདི་ག་བོད་མིིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༣ ནས་ ༢༠ བར་བེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དྷ་ས་ཁུལ་དུ་ཤེས་ཡོན་ཉམས་གསོག་དང་གཟིགས་སྐོར་གྱི་མཛད་རིམ་གོ་སྒྲིག་ཞུས་པ་ཕྱི་ཚེས་ ༢༠ ཉིན་ལེགས་གྲུབ་ཟིན་ཡོད།
ཕྱི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་སྡེ་ཚན་ཚོགས་ཁང་དུ་ཚོགས་ཐུན་དང་པོར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་རབས་དང་ལས་དོན་གནང་ཕྱོགས་ངོ་སྤྲོད་དང་། ཚོགས་ཐུན་གཉིས་པར་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རབས་དང་ལས་དོན་གནང་ཕྱོགས་ངོ་སྤྲོད་གནང་ཡོད། ཕྱི་དྲོ་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རབས་དང་། བཀའ་ཤག་དང་ལས་ཁུངས་ཁག་ངོ་སྤྲོད་གནང་ཡོད། ཉིན་དང་པོའི་ཚོགས་ཐུན་གསུམ་ཀའི་སྐབས་སློབ་ཕྲུག་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལས་རིམ་གང་ལེགས་བྱུང་བ་དང་། དེའི་རྗེས་ཁོང་རྣམས་བོད་ཀྱི་འགྲེམས་སྟོན་ཁང་དུ་ཆུ་ཚོད་གཅིག་ལྷག་གི་གཟིགས་སྐོར་དང་ཉམས་གསོག་གནང་ཡོད།
ཕྱི་ཚེས་ ༡༤ ཉིན་ཞོགས་པའི་ཉིན་ཕྱེད་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཅིག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སློབ་ཕྲུག་རྣམས་ལ་བླང་དོར་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ལྷུག་པོར་གནང་ཡོད། ཕྱི་ཚེས་ ༡༧ ཉིན་གངས་སྐྱིད་ཉེ་འཁོར་དུ་ཡོད་པའི་འགྲོ་ཕན་སྨན་རྩིས་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་ཀྱི་དུས་བབ་གསར་ཁང་། བོད་ཀྱི་བང་ཆེན་གསར་ཁང་བཅས་ལ་གཟིགས་སྐོར་དང་། ཤེས་ཡོན་ལྟེ་གནས་ཁང་སོ་སོའི་བྱུང་རབས་དང་ལས་དོན་གནང་ཕྱོགས་སྐོར་རྒྱུས་ལོན་གནང་ཡོད། ཕྱི་ཚེས་ ༡༨ ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་། དབུས་སྣེ་ལེན་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྦྱོང་བརྡར་ཁང་། ནོར་བུ་གླིང་ཁ། སྒྲོལ་མ་གླིང་། སྙིང་སྟོབས་གླིང་བཅས་ལ་གཟིགས་སྐོར་དང་། སྒྲིག་འཛུགས་སོ་སོར་རྒྱུས་ལོན་གནང་ཡོད།
ཕྱི་ཚེས་ ༡༩ ཉིན་ཞོགས་པ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བོད་གཞུང་ཟློས་གར་ཚོགས་པའི་བྱུང་རབས་དང་ལས་དོན་གནང་ཕྱོགས་ངོ་སྤྲོད་དང་སྦྲགས་གཟིགས་སྐོར་ཕེབས་ཡོད་པ་དང་། ཆུ་ཚོད་ ༡༠།༣༠ ནས་ ༥།༠༠ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཉམས་གསོག་སླད་ཕེབས་ཡོད། ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པ་གཏོང་ལེན་སློབ་གྲྭ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ཕྱི་དྲོ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཅིག་ལ་གཟིགས་སྐོར་དུ་ཕེབས་ཡོད།
བེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་འགན་འཛིན་དང་། དགེ་ལས། སློབ་ཕྲུག་གི་ཕ་མ་རྣམས་ནས་བོད་ཕྲུག་གསོ་སྐྱོང་གང་ལེགས་གནང་ཡོད་པ་དྷ་ས་ཁུལ་གྱི་སྒྲིག་འཛུགས་ཕལ་ཆེ་བས་ར་འཕྲོད་གསལ་པོ་བྱུང་སོང་བས། འདི་ག་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འབྲེལ་ཡོད་ཚང་མར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཕ་མ་ཡོངས་ནས་སོ་སོའི་གཅེས་ཕྲུག་རྣམས་བོད་རིགས་གཤའ་མ་ཞིག་ཡོང་བར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་དང་བཅས།། 








