༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་བཙན་བྱོལ་བོད་མིའི་འདུས་སྡོད་ས་གནས་ཁག་ཏུ་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་ས་གནས་སོ་སོར་གནད་ཡོད་དཔོན་རིགས་གདན་ཞུ་དང་། སྨོན་ལམ་གསུང་འདོན། གཞས་སྣ་འཁྲབ་སྟོན། རྩེད་མོ་གོ་སྒྲིག་སོགས་ཀྱི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ཡང་འདི་གར་ས་གནས་ཁག་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ལྷོ་སྤྱི་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཕྱོགས་བཞུགས་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་དང་། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རིག་དྲུང་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སོགས་གཙོ་བཞུགས་ཐོག་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་དང་། འགྲོ་ཕན་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་ཕྲུག བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག དེ་བཞིན་ས་གནས་ཀྱི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སོགས་མཉམ་ཞུགས་ཀྱིས་མཛད་སྒོ་སྲུང་བརྩི་ཞུས་ཡོད།
གཞན་ཡང་དེ་ཉིན་སྐུ་ཞབས་ནི་ཇ་ལིང་ག་པ་རྗེས་དྲན་ཐེབས་རྩ་ (Nijalingappa National Memorial Trust) དང་། ལྷོ་སྤྱི་ལས་ཁུངས་ཟུང་སྦྲེལ་ཐོག་གནྡི་བཱ་ཝན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཟུར་པ་ཤིབ་རཇ་པ་ཀྲེལ་ (Justice Shivaraj V Patil) མཆོག་དང་། ཀརནཱ་ཊཀ་མངའ་སྡེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཤང་ཀར་ (B.L Shankar) ལགས་སོགས་གཙོ་ཞུགས་ཐོག་མཛད་སྒོ་སྲུང་བརྩི་ཞུས་ཡོད། དེ་བཞིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་ (Prem Singh Tamang) མཆོག་དང་། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཨ་རུན་ཨུབ་རེ་ཏི ་(Arun Upreti) མཆོག འབྲས་གཞུང་ཤེས་རིག་བློན་ཆེན་ཀུན་དགའ་ཉི་མ་ལེབ་ཅ་མཆོག འབྲས་གཞུང་སྒྱུ་རྩལ་དང་རིག་གཞུང་བློན་ཆེན་བསམ་གྲུབ་ལེབ་ཅ་མཆོག རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨིན་དི་ར་ཧང་སུབ་བ་ (Indira Hang Subbha) ལགས། སྒང་ཏོག་གྲོང་སྡེའི་སྤྱི་ཁྱབ་དང་སྤྱི་ཁྱབ་གཞོན་པ་སོགས་ལྷན་ཞུགས་ཀྱིས་མགོན་པོ་གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གབ་རྒྱས་ཞུས་ཡོད།གཞན་ཡང་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེ་གཞུང་གི་ཁྲལ་འབབ་བློན་ཆེན་ཇ་གཊ་སིངྒ་ནེ་གི་ (Jagat Singh Negi) མཆོག་དང་། གྲོང་སྡེ་སྤྱི་ཁྱབ་སུ་རེནྡྲ་ཅོ་ཧན་ ( Surender Chauhan) ལགས། གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཨུ་མ་ཀའུ་ཤལ་ (Uma Kaushal) ལགས། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་གཙོས་པའི་སྐུ་མགྲོན་གདན་ཞུས་ཐོག་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཏུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད།
ཕྱོགས་མཚུངས་ལྡི་ལི་བསམ་ཡས་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Sujeet Kumar MP, Rajya Sabha) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་ལཌ་སིང་སྭ་ཧི་ནི་ (Prahlad Singh Sawhney, MLA, Chandini Chowk) དང་། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འཐུས་མི་ལྕམ་རིན་ཆེན་ལྷ་མོ་མཆོག ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་འཇམ་དཔལ་དབང་འདུས་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤསྟྲི་མཆོག དེ་བཞིན་སྐུ་མགྲོན་དུ་རྒྱལ་ས་ལྡི་ལིའི་ཉེན་རྟོགས་དཔོན་རིགས་སྐུ་ཞབས་པདྨ་ནོར་བུ་ལགས་དང་། གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་ཝི་ཀསི་ཊང་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་བཅས་སྐུ་མགྲོན་རྣམས་པ་བཞུགས་གྲལ་དུ་འཁོད་མཚམས་འདི་གའི་ཉིན་སློབ་ཀྱི་སློབ་མ་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་དེ་བཞིན་འཁྲུངས་སྐར་བསྟོད་གླུ་བཅས་རིམ་གྱི་འབུལ། དེ་ནས་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་བསྟུན་སྐུ་མགྲོན་རྣམས་ནས་རྟེན་འབྲེལ་གྱི་སྤྲི་གོར་ (cake) གཅོད་བྲེག་གིས་བཞུགས་ཁྲི་རིན་པོ་ཆེར་འདེགས་འབུལ་རྗེས་མང་ཚོགས་ལ་དགོས་འགྲེམས་གནང་།
དེ་རྗེས་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤསྟྲི་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་དང་ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྙན་སྒྲོན་གནང་། དེ་ནས་སྐུ་མགྲོན་གཙོ་བོ་
བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུ་ཇིཏ་ཀུ་མར་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འཐུས་མི་རིན་ཆེན་ལྷ་མོ་མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་ལཌ་སིང་སྭཧཱ་ནི་མཆོག གཞན་སྐུ་མགྲོན་རྣམ་པས་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་སོགས་དང་། རྒྱ་གར་ནང་གནས་འཁོད་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། དུས་བསྟུན་རྒྱབ་སྐྱོར་ཇི་དགོས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་དང་། མགོན་པོ་གང་ཉིད་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་སོགས་བཀའ་སློབ་གཟབ་རྒྱས་གནང་། མཐར་བརྒྱ་དཔོན་ཀརྨ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ།
དེ་བཞིན་གཞུང་འབྲེལ་མཛད་སྒོའི་སྔ་རོལ་དུ་བརྒྱ་འཐུས་ལས་ཁུངས་ནས་རྒྱལ་སྒོ་གསར་རྒྱག་ལེགས་གྲུབ་ཟིན་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་ལཌ་སིང་སྭཧཱ་ནི་མཆོག་དང་། གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འཐུས་མི་རིན་ཆེན་ལྷ་མོ་མཆོག སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤསྟྲི་ལགས་བཅས་ནས་དབུ་འབྱེད་གནང་ཡོད།
མཛད་སྒོ་དངོས་གཞིའི་སྐབས་བོད་ཁྱིམ་ཉིན་སློབ་དང་། ས་གནས་བུད་མེད་ལྷན་ཚོགས། དབུས་གཙང་དང་མདོ་སྟོད་ཆོལ་ཁ། ཆོལ་གསུམ་གསར་འབྱོར་ཚོགས་པ། ལ་དྭགས་རྡ་རམ་ས་ (Budh Vihar) བཅས་ནས་རྐང་བྲོ་གླུ་གཞས་ལེའུ་བཅུ་གཟིགས་འབུལ་ཞུས། བརྒྱ་འཐུས་ལས་ཁུངས་ནས་མང་ཚོགས་ལ་གསོལ་ཇ་འབྲས་སིལ། དགུང་ཚིགས་བཅས་གོ་སྒྲིག་གནང་། ཉིན་རྒྱབ་མང་ཚོགས་ནས་རང་མོས་ཀྱིས་སྒོར་གཞས་ལ་རོལ།
ཕྱོགས་མཚུངས་ལྡི་ལི་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་དང་སློབ་ཕྲུག་ཡོངས་ཀྱི་མཉམ་ལས་ཐོག་ཞལ་ལག་གྲ་སྒྲིག་གིས་ཁུལ་དེའི་དབུལ་ཕོངས་ཉམ་ཐག་རྣམས་ལ་ཟས་སྦྱིན་ཕུལ་ཡོད་པ་བཅས། །
གཞན་ཡང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་ལས་ཁུངས་དང་༸སྐུའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོ་ཉིན་གྲངས་གསུམ་རིང་གཟབ་རྒྱས་སྲུང་བརྩིས་ཞུས།
ཕྱི་ཚེས་ ༦ ཉིན་གཞིས་མཉམ་གཉིས་ཀྱི་མདུན་ཐང་དུ་གཞུང་འབྲེལ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་༸སྐྱབས་རྗེ་དགེ་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་དང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དྷ་ས་ར་ཐི་གྷོ་མང་གྷ་ (MLA Shri. Dasarathi Gomanga) ལགས་རྣམ་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་མར་མེ་ཞལ་ཕྱེ་གནང་བ་དང་མངར་ཟས་ (Cake) བཏུབ་ནས་མཛད་སྒོ་དབུ་འཛུགས་གནང་།
དེ་བཞིན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི ཚོགས་གཙོ་མཆོག་དང་། Block Development Officer, Mohana, Addl. Tehsildhar, Udaygiri, Saarpanch ཁག་གཅིག་མཛད་སྒོར་མཉམ་ཞུགས་གནང་།
དེ་རྗེས་ས་གནས་འགོ་འཛིན་གྱིས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། རིམ་བཞིན་ས་འཐུས་ཚོགས་གཙོ་བཀྲ་ཤིས་བསྟན་འཛིན་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་ལ་མཛད་སྒོ་དང་བསྟུན་གཞིས་མཉམ་དང་མི་མང་ཡོངས་ནས་ཁོང་གིས་ས་གནས་སུ་མཐུན་འགྱུར་རོགས་མགོན་ལོ་མང་རིང་གནང་བར་ཐུགས་རྗེ་བཀྲའ་དྲིན་མཚོན་ཕྱིར་རྟགས་མ་ཞིག་ས་གནས་ས་གནས་ཀྱི་གྲོས་ཚོགས་འཐུས་མི་བརྒྱུད་འབུལ་ལམ་ཞུས་སོང་། དེ་ནས་རིམ་བཞིན་སམ་བྷོ་ཊ་སློབ་གྲྭ་དང་མི་མང་རྣམས་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་དང་། ལྷ་མོ་འཁྲབ་གཞས། གསེར་སྐྱེམ་ཞྭ་ནག་འཆམ། གླིང་བྲོ། རྒྱལ་གཞས་བཅས་གཟིགས་འབུལ་གཟབ་རྒྱས་ཞུས།
ཕྱི་ཚེས་ ༧ ཉིན་མུ་མཐུད་རིག་གཞུང་འཁྲབ་སྟོན་དང་རྩེད་མོ་ཁག་གཅིག་རྩེད་མོ་ཚོགས་པ་ནས་གོ་སྒྲིག་ཞུས། དེ་བཞིན་གཞིས་གྲོང་ ༤ ལྷག་བསམ་ཚོགས་པ་ནས་དྲི་གླེང་འགྲན་བསྡུར་གོ་སྒྲིག་གནང་།
ཕྱི་ཚེས་ ༨ ཉིན་མུ་མཐུད་རིག་གཞུང་འཁྲབ་སྟོན་དང་། སློབ་ཕྲུག་རྣམས་ལ་ཡིག་རྒྱུགས་ལེགས་སོན་ཐོག་བྱ་དགའ་གསོལ་རས་གནང་། དབུས་སའི་བུད་མེད་ལྷན་ཚོགས་ནས་ས་གནས་མི་འབོར་འཕེལ་རྒྱས་ཀྱི་བྱ་དགའ་གསོལ་རས་གནང་། མངའ་རིས་སྐོར་གསུམ་ཚོགས་པ་ནས་སློབ་ཕྲུག་ཉལ་ཁང་གི་སློབ་ཕྲུག་བརྒྱ་ཆ་ ༨༥ ཡན་ཐོབ་མཁན་རྣམས་ལ་དམིགས་བསལ་གྱི་གསོལ་རས་ཡང་གནང་། དེ་བཞིན་གཞིས་ཟུར་བསྟན་འཛིན་འཕྲིན་ལས་ལགས་ཀྱིས་འཛིན་རིམ་བཅུ་པའི་ཨང་རིམ་རྩེ་ཕུད་ཐོབ་མཁན་གསུམ་ལ་བྱ་དགའ་གསོལ་རས་གནང་སོང་བ་བཅས། །