༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ཊི་པོ་ལོ་གསོལ་མགྲོན་ཁང་དུ་དབུ་འཛུགས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩: ༣༠ ཙམ་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། དེ་བཞིན་གསུང་བཤད་པ་དང་། འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ། གསར་འགོད་པ་བཅས་ཚང་འཛོམས་ཐོག་མཛད་སྒོ་དངོས་སུ་དབུ་འཛུགས་ཞུས་ཤིང་། ཐོག་མར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཕེབས་བསུའི་གསུང་བཤད་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མ་འོངས་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་གཞོན་སྐྱེས་རྣམས་ལ་རེ་བ་ཆེན་པོ་བཅང་གི་ཡོད་པ་ལྟར་གཞོན་སྐྱེས་རྣམས་ནས་བོད་ཀྱི་འཐབ་རྩོད་ལ་འགན་ཁུར་དང་ལེན་གྱིས་ལྷག་བསམ་དང་སེམས་ཤུགས་སྔར་ལྷག་གིས་ལས་འགུལ་སྤེལ་དགོས་ཤིང་། ལྷག་པར་དུ་ཐེངས་འདིའི་གཞོན་སྐྱེས་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་རྣམས་ལ་བོད་ཀྱི་གནད་དོན་རྟོགས་རྒྱུ་དང་། གཞོན་སྐྱེས་ཕན་ཚུན་ངོ་ཤེས་གྲོགས་འདྲིས་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་ཡོད་སྟབས་འབྱུང་འགྱུར་གཞོན་སྐྱེས་མཉམ་སྦྲེལ་གྱི་ནུས་པ་སྤུངས་ཏེ་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཞུ་གཏུག་བྱར་ཕན་ཐོགས་ངེས་ཅན་ཡོང་ངེས་པའི་སྐོར་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་ལ་སྐད་ཆ་ཤོད་སྐབས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་གནད་ཆེ་བ་མ་ཟད། དམིགས་བསལ་རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་ལོག་འགྲེལ་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་འདིར་བོད་མི་སྤྱི་དང་། ཡང་སྒོས་བོད་རིགས་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་རྒྱུས་ལོན་བྱ་རྒྱུ་སྔར་བས་གལ་ཆེ་བར་གྱུར་ཡོད་ཅེས་དང་། དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཝེན་པ་རག་ལགས་ཀྱིས་བརྩམས་པའི་བོད་དོན་ངོ་སྤྲོད། ༢༠/༢༠ (Tibet Brief 20/20)ཞེས་པའི་དཔེ་དེབ་དེ་ཉིད་ལོ་རྒྱུས་ཀྱི་རྒྱུ་ཆ་མང་དག་ལ་ཁུངས་བཅོལ་ཞིང་། ལོ་མང་རིང་མཁས་པ་སྣ་ཚོགས་ལ་དྲི་ཞིབ་གནང་ནས་བརྩམས་པའི་དཔེ་དེབ་ཅིག་ཡིན་པས། གཞོན་སྐྱེས་རྣམས་ནས་དེ་ཉིད་ཀློག་དགོས་པའི་ལམ་སྟོན་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་ཞུ་གཏུག་གནང་ཕྱོགས་དང་འབྲེལ་ཏེ་བཀའ་ཤག་སྐབས་བཅུ་དྲུག་པས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པའི་ལས་གཞི་ཞིག་སྤེལ་ཡོད་པ་ལྟར། ལས་གཞིའི་དམིགས་ཡུལ་དེ་འཛམ་གླིང་ཕྱོགས་མཐའ་ཁག་ཏུ་གནས་པའི་གཞོན་སྐྱེས་རྣམས་མཉམ་ཞུགས་ཀྱིས་གནས་ཡུལ་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣར་བོད་དོན་ཞུ་གཏུག་གནང་རྒྱུ་དེ་ཡིན་ཞིང་། གཞོན་སྐྱེས་རྣམས་ནས་དེ་དོན་གོ་སྐབས་དམ་འཛིན་གྱིས་ལས་གཞིར་མཉམ་ཞུགས་བྱས་ཏེ་བོད་དོན་ཞུ་གཏུག་ལས་འགུལ་སྔར་ལས་ཚད་མཐོ་རུ་གཏོང་བར་འབད་རྩོལ་གནང་དགོས་པའི་རེ་སྐུལ་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་སྩལ་བའི་སྒྲ་འཇུག་གསུང་འཕྲིན་གཟིགས་འབུལ་ཞུས་ཤིང་། གསུང་འཕྲིན་ནང་མགོན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་གནད་ཆེན་པོ་སྐོར་བཀའ་སློབ་སྩལ་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༠༧ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་སྐོར་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོའི་སྐོར། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ནས་ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་རྫུན་བཟོ་དང་འཁྱོག་བཤད་བྱེད་པར་ཁུངས་འཁྱོལ་ཐབས་མེད་པའི་སྐོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་ཆེ་ལགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་མིའི་མྱོང་བའི་སྐོར། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་ནས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བཙན་བྱོལ་ནང་སྒྲིག་འཛུགས་ཚགས་ཚུད་དང་མང་གཙོའི་འཕེལ་རིམ་སྐོར། ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ནས་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་པའི་སྐོར། ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤྲོད། ཁེ་ན་ཊ་བོད་རིགས་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ནས་ནུབ་ཕྱོགས་སུ་བོད་དོན་ལས་འགུལ་ལ་བཟང་ཕྱོགས་ཀྱི་རེ་བ་དང་ཁོར་ཡུག་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ནས་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ་གྱི་ནུས་པ་སྐྱེད་སྲིང་བྱ་ཐབས་སྐོར། ཨོ་གླིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འཐབ་བྱུས་ལས་འགུལ་སྣེ་འཁྲིད་པ་གདོང་འདུས་སྐྱིད་འཛོམས་ལགས་ནས་ཞུ་གཏུག་ལས་འགུལ་སྤེལ་སྐབས་དགོས་འདུན་གཙོ་ཕལ་དབྱེ་འབྱེད་ཀྱིས་འབྲེལ་ལམ་རྒྱ་སྐྱེད་གཏོང་ཐབས་སྐོར། བོད་དོན་མཉམ་སྦྲེལ་ཞུ་གཏུག་ལས་ཁང་གི་འབྲེལ་མཐུད་པ་གྷོ་ལོ་རི་ཡ་མོནྚ་སྒེ་མེ་རི་ལགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་ལམ་རྒྱུན་སྲིང་ཐོག་ཞུ་གཏུག་ལས་འགུལ་སྤེལ་སྟངས་སྐོར། ཁེ་རེ་དཱ་ཚོགས་པའི་འགན་འཛིན་མེ་ཀལ་ཝོན་ཝལྚ་ཝོན་པྲཱག་ལགས་ནས་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་ཁྲིམས་ཐོག་ནས་བོད་དོན་གནས་བབ་འགྲེལ་བརྗོད་བྱེད་ཐབས་སྐོར་གསུང་བཤད་གནང་གི་ཡོད་པ་བཅས།།