༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཉི་འོང་གི་ཀྱོ་ཊོ་ཚུ་ཆིན་གསར་ཁང་གི་བཅར་འདྲིར་དང་ལེན་དང་། ཤིན་ཇུ་ཀུ་བུན་ཀར་བསྟི་གནས་ཁང་(Shinjuku Bunka Center)དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།
སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་གསར་ཁང་ཁག་ནས་བོད་དོན་ལ་དོ་སྣང་གིས་གསར་འགོད་གསལ་བསྒྲགས་ལ་མཉམ་ཞུགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་འབྲེལ། ཁོང་ཉིད་ཉི་འོང་དུ་ཕེབས་དགོས་པའི་དམིགས་ཡུལ་དང་། བོད་ནང་གི་གནས་སྟངས། བོད་རྒྱ་འབྲེལ་མོལ་གྱི་གནས་བབ། ཇི་ལྟར་གསར་འགོད་པས་བོད་དོན་བདེན་མཐའ་སེལ་ཐབས་དང་གཉའ་གནོན་སྡུག་སྦྱོང་མྱོང་མཁན་རྣམས་ལ་དྲང་བདེན་ཐོབ་ཐབས་སུ་རོགས་ཕན་གནང་ཐུབ་ཚུལ་སྐོར་ངོ་སྤྲོད་གནང་ཡོད།
གཞན་ཡང་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ངང་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོར་ཕེབས་ཞུགས་གནང་ཡོད་པ་མ་ཟད། ད་ལམ་ལ་དྭགས་ཁུལ་དུ་༸ཞབས་སོར་འཁོད་དེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་མུས་ཡིན་སྐོར་གསུངས་པ་མ་ཟད། བོད་རྒྱ་འབྲེལ་མོལ་ཐད་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་ལྷན་གྲོས་མོལ་གནང་བའི་བརྒྱུད་རིམ་དང་། རྒྱ་གཞུང་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་ཡོད་པའི་སྐོར། ཕྱི་ལོ་ ༢༠༡༠ ནས་གཞུང་འབྲེལ་གྱི་གྲོས་མོལ་མཚམས་ཆད་ནའང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཐབས་ལམ་སྣ་ཚོགས་བརྒྱུད་རྒྱ་ནག་གཞུང་དང་གྲོས་མོལ་ཡོང་ཐབས་ལ་འབད་རྩོལ་གནང་མུས་ཡིན་སྐོར་གསུངས་ཡོད་པ་རེད།
དེ་མཚུངས་ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་ནག་གཞུང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་མ་ཟད། ལོ་རྒྱུས་ཐོག་ནས་ཀྱང་མེད། རྒྱ་ནག་གཞུང་གིས་བོད་མིར་ལོ་ངོ་དེ་དག་རིང་དྲག་གནོན་དང་ཆབ་སྲིད་ཀྱི་སློབ་གསོ་ཇི་ཙམ་སྤྲད་ཀྱང་བོད་མིའི་ཡིད་ཆེས་དང་ལར་ཞེན་ཐོབ་ཐུབ་མེད་ཅེས་སོགས་དང་། མཐར་ཁོང་མོས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཙོས་པའི་རྒྱུན་ལས་ཚོགས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གཡོ་མེད་གནང་བཞིན་པར་འདོད་བློ་ཚིམ་པོ་བྱུང་ཚུལ་གསུངས།
དེ་རྗེས་བཀའ་བློན་མཆོག་གིས་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པ་ཉི་འོང་སྐད་དུ་བསྒྱུར་བའི་དཔེ་དེབ་དབུ་འབྱེད་དང་། རྩོམ་པ་པོ་དང་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དཔེ་དེབ་ཀྱི་དམིགས་ཡུལ་ངོ་སྤྲོད་གནང་ཡོད། གསར་འགོད་གསལ་བསྒྲགས་ཐོག་གསར་ཁང་ཆེ་ཆུང་གྲངས་བཅུ་གཅིག་མཉམ་ཞུགས་གནང་ཡོད་པ་བཅས།།