༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༢ ཉིན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤི་མོ་མུ་ར་ཧ་ཀུ་བུན་(Shimomura Hakubun)ལགས་དང་གྲོས་ཚོགས་ཀྱི་རྒྱུན་ལས་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་ཕེབས་བསུ་ཞུས་ཡོད་པ་རེད།
དེ་ཡང་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཤི་མོ་མུ་ར་ཧ་ཀུ་བུན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་ནང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་མཇལ་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། ཉི་འོང་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་པོ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་གྲངས་བརྒྱ་ལྷག་ཡོད་པས། གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ཐུབ་ཡོད་པའི་སྐོར་ངོ་སྤྲོད་དང་འབྲེལ། གྲོས་ཆོད་ཀྱི་ཟུར་གཅིག་ལྗགས་ཀློག་གནང་སྟེ་དེའི་ནང་ཉི་འོང་གཞུང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་རྟོགས་ཞིབ་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་ཞི་བ་དང་འཚེ་བ་མེད་པའི་བཀའ་སློབ་ལམ་སྟོན་ལ་རྩེ་གཅིག་གུས་བརྩི་ཞུ་གི་ཡོད་ཅེས་གསུངས།
སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། ཁོང་མོས་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་འབད་རྩོལ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་བཟོ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། དེ་བཞིན་བོད་ནི་ཨེ་ཤི་ཡའི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་ཞིང་། གཙང་ཆུ་དེ་དག་གཤམ་འོག་ཏུ་གནས་པའི་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་རྟེན་དུ་གྱུད་ཡོད་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་ཅེས་གསུངས་པའི་ཐོག སླད་མར་ཡང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་ལ་སྨན་པའི་རྒྱབ་སྐྱོར་ཕན་གྲོགས་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།
རྩ་ཁྲིམས་ལྡན་པའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཝ་ཊ་ན་བེ་ཤུ་(Watanabe Shu)ལགས་ཀྱིས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལ་ཕེབས་བསུ་དང་འབྲེལ་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། ཁོང་གིས་བོད་ཀྱི་གནས་སྟངས་དེ་བྱང་ཀོ་རི་ཡའི་གནས་སྟངས་དང་མཚུངས་སྡུར་ཞུས་ཏེ་རྒྱལ་ཁབ་ཕྱི་ལ་ནང་གི་གནས་ཚུལ་ཇི་བྱུང་ཐོན་གྱི་མེད་ཅེས་དང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་དྲག་གནོན་འོག་ནས་ཐར་བའི་མི་སྒེར་སོ་སོའི་གནས་ཚུལ་རྣམས་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་གནང་དགོས་པའི་སེམས་སྐུལ་གནང་ཡོད།
དེ་དང་འབྲེལ་ཏེ་ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བྱ་ར་གསོ་མྱུལ་ཚད་མཐོན་པོས་དོ་བདག་གི་ཁ་པར་སྔོག་གཤེར་དང་། བཙན་ཤེད་ཀྱིས་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་ཏེ་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་གཞུང་གི་དམ་བསྒྲགས་ལ་བརྟེན་ནས་སྐྱབས་བཅོལ་དུ་ཡོང་མཁན་བོད་མིའི་གྲངས་ཚད་ཧ་ཅང་ཉུང་དུ་ཕྱིན་ཡོད་སྐོར་གསུངས།
ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་གྲོས་ཚོགས་འཐུས་མི་རྣམས་པར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་རྒྱ་གཞུང་གིས་རིག་གཞུང་རྩ་མེད་དང་བོད་མིར་དྲག་གནོན་བྱེད་བཞིན་པར་བསྒྲགས་གཏམ་ཞིག་སྤེལ་གནང་ཡོང་བ་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་གཞི་ཁོངས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ནང་དྲྭ་ཐོག་ནས་དེབ་སྐྱེལ་གནང་སྐྱོང་ཡོང་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་མི་མང་བདེ་དོན་ལྟ་སྐྱོང་ཐད་རོགས་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
ཚོགས་འདུའི་ཐོག་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཨི་ཤཱི་ཀ་བ་ཨ་ཀི་མ་ས་(Ishikawa Akimasa)ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་བ་དང་འབྲེལ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཆབ་སྲིད་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མི་ཡོད་སྐོར་ཕྱི་དྲིལ་བཀའ་བློན་མཆོག་ལ་སྙན་སེང་ཞུས་པ་མ་ཟད། ཕྱི་དྲིལ་བཀའ་བློན་མཆོག་ཉི་འོང་དུ་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས། སྐབས་དེར་ཉི་འོང་གསར་གཏོད་ཚོགས་པའི་ཨུ་ར་ནོ་ཡ་རུ་ཏོ་(Urano Yasuto)ལགས་དང་། གུ་ཡངས་མང་གཙོ་ཚོགས་པའི་ཨི་ཏོ་སི་ཆི་(Eto Seichi)ལགས་ཀྱང་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད།
བགྲོ་གླེང་ལས་རིམ་གྲུབ་མཚམས་ཕྱི་དྲིལ་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་དཀར་གཙང་མཇལ་དར་སྒྲོན་འབུལ་དང་། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བྲིས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པའི་དཔེ་དེབ་ཉི་འོང་སྐད་དུ་བསྒྱུར་བ་རེ་ཕུལ་ཞིང་། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་དང་འབྲེལ་བཀའ་བློན་མཆོག་གི་ཡོང་འགྱུར་གྱི་མཛད་འཆར་ཁག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལྷན་དུ་དོན་ཁང་གི་ལས་བྱེད་ཚེ་ལྷ་ལགས་ལྷན་བཅར་ཞུས་ཤིང་། (Human Value Institute )ཞེས་པའི་བསྟི་གནས་ཁང་གི་མ་རུ་ཡ་མ་ཆི་ཀོ་(Maruyama Chieko)ལགས་ཀྱིས་ཕྱི་དྲིལ་བཀའ་བློན་མཆོག་ལ་སྐད་སྒྱུར་ཞུས་ཡོད་པ་བཅས།།