༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༠ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཉི་འོང་གི་རྒྱལ་ས་ཀྲོག་ཡོར་ཕེབས་འབྱོར་བྱུང་ཡོད་ཅིང་། སྐབས་དེར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དོན་ཁང་གི་ལས་བྱེད། ཉི་འོང་གནས་སྡོད་བོད་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
དེ་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཉི་འོང་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོའི་ཐོག་མར་ཉི་འོང་སྐུ་ཚབ་དོན་ཁང་དུ་ཕེབས་ཏེ་སྐུ་ཚབ་དོན་གཅོད་དང་ལས་བྱེད་ལྷན་ཡོང་འགྱུར་གྱི་མཛད་འཆར་སྐོར་གོ་བསྡུར་གནང་ཞིང་། ཉིན་རྒྱབ་སྐུ་ཚབ་དོན་ཁང་དུ་ཉི་འོང་བོད་དོན་རྒྱབ་སྐྱོར་བ་དང་ལྷན་དུ་མཇལ་མོལ་གནང་ཡོད།སྐབས་དེར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཉི་འོང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚམས་འདྲི་དང་བཅས་ཁོང་རྣམས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་གཉིས་ཏེ། བོད་དོན་བདེན་མཐའ་བསལ་རྒྱུ་དང་། བཙན་བྱོལ་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་རྒྱུའི་སྐོར་དང་། བཙན་བྱོལ་ནང་གི་མང་གཙོ། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་མ་ཟད། ཁོང་མོས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ནའང་བཟང་སྤྱོད་ཀྱིས་ཕོངས་ཤིང་། བོད་མི་རྣམས་དམག་དོན་ཐད་སྟོབས་ཤུགས་མེད་ནའང་བྱམས་སྙིང་རྗེ་དང་བཟང་སྤྱོད་ཐོག་གཞན་དྲིང་མི་འཇོག་པ་ཡོད་སྐོར་གསལ་བཤད་གནང་ཡོད།དེ་རྗེས་ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་སྐྱོབས་འབྲེལ་མཐུད་ཁང་གི་འགན་འཛིན་མ་ཀི་ནོ་སི་ཤུ་ (Makino Seishu) ལགས་ཀྱིས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལ་ཕེབས་བསུ་ཞུས་པ་དང་འབྲེལ། ཉི་འོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དང་། ཚོགས་པ་དེ་དག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་དོན་བདེན་མཐའ་བསལ་ཐབས་ལ་འབད་རྩོལ་གནང་མུས་ཡིན་སྐོར་གསུངས་པའི་ཐོག ཁོང་སློབ་གྲྭའི་དུས་ནས་བོད་དོན་དང་འབྲེལ་བ་བྱུང་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད།
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཟུར་པ་ན་ག་ཧོ་ཏ་ཀ་ཤི་ (Nagao Takashi) ལགས་ཀྱིས་ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་བོད་དོན་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་སླད་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡུན་གནས་ཆེད་ཕན་གྲོགས་རྒྱབ་སྐྱོར་ཞུ་རྒྱུའི་དམ་བཅའ་ཆེན་པོ་གཉིས་བཞེས་ཡོད་པ་དང་། དེ་དོན་དམ་བཅའ་དང་པོའི་ཐོག་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་གྲོས་ཚོགས་འཐུས་མི་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པས་ལམ་ལྷོངས་གང་འཚམ་བྱུང་ཡོད་ཀྱང་། དམ་བཅའ་གཉིས་པ་སྟེ་དཔལ་འབྱོར་ཐད་རོགས་སྐྱོར་ཞུ་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་ཐུབ་མེད་ཚུལ་འགྲེལ་བརྗོད་གནང་།གཞན་ཡང་ཕེབས་བསུའི་འདུ་འཛོམས་ཐོག་ཉི་འོང་དགེ་འདུན་ལྷན་ཚོགས་ཀྱི་དགེ་འདུན་པ་ཀོ་བ་ཡ་ཤི་ཤུ་ཧི་ (Kobayashi Shuei) ལགས་དང་། རེ་བའི་མེ་ལྕེའི་དགེ་འདུན་རུ་ཀྱོ་ཨེན་ཊོ་ (Ryokyu Endo) ལགས། འཇམ་དབྱངས་ཐེག་ཆེན་ཆོས་ཚོགས་ཀྱི་ནོ་མུ་ར་ཤོ་ཇི་རོ་ (Nomura Shojiro) ལགས། ཉི་བོད་མཛའ་འབྲེལ་ཚོགས་པའི་ཀན་རུའི་ཅི་ཛུ་རུ་(Kanrui Chizuru) ལགས། ཉི་འོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕུ་ཇི་ཏ་ཡུ་ཀོ་ (Fujita Yuko) ལགས། (Dreams for Children) ཞེས་པའི་ཚོགས་པའི་ཀ་མེ་ཊ་ཧི་རོ་ཕུ་མི་ (Kameda Hirofumi) ལགས། ཉི་འོང་བོད་རིགས་ཚོགས་པའི་བློ་བཟང་ཡེ་ཤེས་ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ་བཅས་མཉམ་ཞུགས་ཀྱིས་བོད་དོན་དང་འབྲེལ་ལམ་བྱུང་བའི་མྱོང་ཚོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་འབད་འབུངས་ཞུ་རྒྱུའི་ཁས་ལེན་གནང་ཡོད།
བདུན་ཕྲག་གཅིག་རིང་གི་ཕྱི་དྲིལ་བཀའ་བློན་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་། གཙུག་ལག་སློབ་གྲྭ་ཁག ཀྲོག་ཡོ་གཙུག་ལག་སློབ་གཉེར་ཁང་གི་བོད་སོག་རིག་གཞུང་དང་ཆོས་ཕྱོགས་ཚོགས་འདུའི་ཐོག་གསུང་བཤད། གསར་འགོད་གསལ་བསྒྲགས། དཔེ་དེབ་དབུ་འབྱེད། ས་གནས་བོད་རིགས་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་བཅས།།