༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་བོད་མིའི་སྤྱི་ཚོགས་ཁྲོད་ནས་བོད་མི་འདུས་སྡོད་མང་ཤོས་ཀྱི་ས་ཁུལ་ནིའུ་ཡོག་དང་། ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཟླ་བ་འདིའི་ནང་བོད་དོན་ཞུ་གཏུག་དང་འབྲེལ་བའི་ལས་འགུལ་ཁག་གཉིས་སྤེལ་འདུག
དེ་ཡང་། བོད་རིགས་སྤྱི་མཐུན་ཚོགས་པས་གནས་ཚུལ་ཕུལ་འབྱོར་བྱུང་བར་གཞིགས་ན། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་དང་རྒྱུན་ལས་ཁག་ཅིག་དང་། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་དོན་ཞུ་གཏུགས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་ཚེ་རིང་ལགས་དང་ཚོགས་མི་ཁག་ཅིག ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ཇེ་ནི་ཕར་རཇ་ཀུ་མཱར་ (Jenifer Rajkumar) གྱི་ལས་ཁུངས་སུ་ཕེབས་ནས་བོད་དོན་སྐོར་ཞུ་གཏུགས་གནང་ཡོད་པ་རེད།
ཞུ་གཏུགས་སྣེ་ཁྲིད་གནང་མཁན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གྱིས་ “ ང་ཚོས་གྲོས་ཚོགས་འཐུས་མི་ལྕམ་ཇེ་ནི་ཕར་རཇ་ཀུ་མཱར་ (Jenifer Rajkumar) ལགས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་ནང་གི་ད་ལྟའི་གནས་སྟངས་དང་། ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་གནས་སྡོད་བོད་མིའི་སྐོར། དེ་བཞིན་བོད་དོན་ཁྲིམས་འཆར་གསར་པའི་སྐོར་གཙོ་བོར་གླེང་ནས་བོད་དོན་སྙན་སེང་ཞུས་པར། འཐུས་མི་ཁོང་གིས་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། ང་ཚོའི་ཞུས་དོན་དང་རེ་བ་རྣམས་སེམས་ལ་བཞག་ནས་འབད་བརྩོན་ཞུ་རྒྱུ་ཡིན་པའི་རྣམ་འགྱུར་ཡང་གསལ་སྟོན་གནང་གི་འདུག ” ཅེས་གསུངས་བྱུང་། ཚོགས་གཞོན་གྱིས་ད་དུང་། བོད་རིགས་སྤྱི་མཐུན་ཚོགས་པས་ཆེད་འཛུགས་བྱས་པའི་བོད་དོན་ཞུ་གཏུགས་ཚོགས་ཆུང་གི་ཚོགས་མི་བློ་གྲོས་རྒྱ་མཚོ་ལགས་དང་། ཕུར་བུ་རྡོ་རྗེ་ལགས་སོགས་ཚོགས་མི་ཚང་མས་ཞུ་གཏུགས་ལས་འགུལ་ལ་ཁུར་ཆེན་པོ་གནང་བཞིན་པ་འདིས་ལས་ཀ་བྱེད་སྐབས་སྟབས་བདེ་པོ་འདུག་ཅེས་གསུང་གི་འདུག
བོད་རིགས་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་མི་སྣ་རྣམས་གྲོས་ཚོགས་འཐུས་མི་ཇེ་ནི་ཕར་རཇ་ཀུ་མཱར་ལགས་ཀྱི་ལས་ཁུངས་སུ་ཕེབས་ཏེ་བོད་དོན་ཞུ་གཏུགས་གནང་བ་དང་། ཞུ་གཏུགས་གནང་སྐབས་ཀྱི་འདྲ་པར་བཅས་འཐུས་མི་ཁོང་གི་ངོ་དེབ་ནང་འགོད་སྤེལ་གནང་ཡོད།
དེ་བཞིན་ཉེ་ཆར་རེས་གཟའ་ཉི་མའི་ཉིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་ཚེ་རིང་ལགས་དང་། རྒྱུན་ལས་འཕྲིན་ལས་དཔལ་འབྱོར་ལགས་ཀྱིས་གཙོས་པའི་བོད་དོན་ཞུ་གཏུགས་ཚོགས་ཆུང་གི་འབྲེལ་ཡོད་ཁག་ཅིག ནིའུ་འཇར་སི་རུ་ཕེབས་ནས་ཁུལ་དེར་ཆགས་པའི་ (East Rutherford) གྲོང་ཁྱེར་ནང་གནས་བཞུགས་བོད་མི་གཞོན་སྐྱེས་རྣམས་ལ་བོད་དོན་ཞུ་གཏུགས་དང་འབྲེལ་བའི་སྐོར་ཟབ་སྦྱོང་གནང་འདུག
ཚོགས་གཞོན་ངག་དབང་ཚེ་རིང་ལགས་ནས་ “ East Rutherford ཞེས་པའི་གྲོང་ཁྱེར་ཆུང་ཆུང་དེ་ནི་མངའ་སྡེ་ནིའུ་འཇར་སི་ནང་གི་བོད་མི་འདུས་སྡོད་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་གྲོང་ཁྱེར་དེར་གནས་སྤོ་བྱེད་མཁན་བོད་མི་ཇེ་མང་དུ་འགྲོ་བཞིན་པར་བརྟེན། བོད་དོན་ཞུ་གཏུགས་ཀྱི་གལ་ཆེའི་རང་བཞིན་སྐོར་ཟབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་མཐོང་ནས་བོད་ཀྱི་སོན་རྩ་ཚོགས་པའི་ཚོགས་གཙོ་ཀུན་བཟང་རྡོ་རྗེ་ལགས་སུ་འབྲེལ་བ་ཞུས་ཏེ་ཟབ་སྦྱོང་གོ་སྒྲིག་ཞུས་པ་ཞིག་ཡིན། ” ཞེས་གསུང་གི་འདུག བོད་ཀྱི་སོན་རྩ་ཚོགས་པ་ནི་གྲོང་ཁྱེར་ (East Rutherford) ནང་གི་བོད་ཀྱི་སོན་རྩ་ཚོགས་པའི་གཟའ་འཇུག་སློབ་གྲྭར་ལྟ་རྟོག་བྱེད་མཁན་གྱི་ཚོགས་པ་གཙོ་བོ་དེ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟབ་སྦྱོང་གནང་ཡུལ་གཙོ་བོ་ནི་ (East Rutherford) ཁུལ་གྱི་རང་རིགས་གཞོན་སྐྱེས་རྣམས་ཡིན་པ་དང་། ཟབ་སྦྱོང་སྐབས་ཚོགས་གཞོན་ངག་དབང་ཚེ་རིང་ལགས་དང་། བོད་ཀྱི་སོན་རྩ་ཚོགས་པའི་ཚོགས་གཙོ་ཀུན་བཟང་རྡོ་རྗེ་ལགས་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་གལ་ཆེའི་རང་བཞིན་སྐོར་རོབ་ཙམ་ངོ་སྤྲོད་གནང་རྗེས། བོད་དོན་ཞུ་གཏུགས་ཀྱི་ཉམས་མྱོང་ལྡན་པའི་བློ་གྲོས་རྒྱ་མཚོ་ལགས་དང་། ཕུར་བུ་རྡོ་རྗེ་ལགས་ནས་བོད་དོན་ཞུ་གཏུགས་ཀྱི་དམིགས་ཡུལ་གཙོ་བོ་གང་ཡིན་པའི་སྐོར་དང་། ཞུ་གཏུགས་ཀྱི་གྲ་སྒྲིག་བྱེད་སྟངས་སོགས་དངོས་གཞིའི་སློབ་ཁྲིད་གནང་ཡོད་འདུག
ཀུན་བཟང་རྡོ་རྗེ་ལགས་དང་ངག་དབང་ཚེ་རིང་ལགས་ཀྱིས། ཟབ་སྦྱོང་ལ་མཉམ་ཞུགས་བྱེད་མཁན་ཚོས་ཟབ་སྦྱོང་འདིས་ཕན་ཐོགས་ཆེན་པོ་ཡོད་པ་དང་། རབ་བྱུང་ན། ལོ་ལྟར་ཟབ་སྦྱོང་ཐེངས་རེ་གནང་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་ཞུ་མཁན་བྱུང་སོང་། ཞེས་འགྲེལ་བརྗོད་གནང་གི་འདུག་པ་བཅས།།