༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཟུང་སྦྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ལྔའི་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ན་ཟུག་འཇོམས་ཐབས་དང་། བཅོས་དཀའི་ལྟ་སྐྱོང་། རྒན་རབས་བཅོས་ཐབས་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།
དེ་ཡང་རྒན་རབས་དང་འབྲེལ་བའི་ལས་གཞི་འདི་བཞིན་སྔ་ལོ་ནས་དབུ་འཛུགས་ཀྱིས་འཕྲོད་བསྟེན་སྨན་ཁང་ཁག་གི་སྨན་ཞབས་དང་། རྒས་གསོ་ཁང་གི་སྨན་ཞབས་རྣམས་ལ་རྒན་རབས་ལྟ་སྐྱོང་བཅོས་ཐབས་སྐོར་སྦྱོང་བརྡར་གནང་འགོ་འཛུགས་ཡོད་པ་རེད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཕེབས་ཡོད་པ་དང་། ཚོགས་བཅར་བའི་ཁོངས་སུ་རྒྱ་བལ་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་དང་། དགོན་སྡེ་སོགས་ཀྱི་སྨན་པ་དང་སྨན་ཞབས་མཉམ་ཞུགས་གནང་ཡོད་ལ། ཁོང་རྣམས་ལ་སྨན་པ་ཚེ་དབང་དངོས་གྲུབ་ལགས་དང་། སྨན་པ་བློ་བཟང་ཚེ་རིང་ལགས། དགེ་བཤེས་ལྷག་རྡོར་ལགས་བཅས་ནས་སློབ་སྟོན་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་འཕྲོད་ལས་པ་རྣམས་ནས་རྒན་རབས་པ་རྣམས་ལ་བྱམས་བརྩེ་ལྡན་པའི་ཐོག་ནས་ལྟ་སྐྱོང་བཅོས་ཐབས་གནང་རྒྱུ་ཡིན་པ་བཅས།།