༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༤ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་སུན་ཧན་ (Hung Sun Han) མཆོག་དང་ལྷན་མཇལ་འཕྲད་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་སྐུ་ཞབས་ཁོང་ད་རེས་བཞུགས་སྒར་དུ་ཕེབས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་མཉམ་ཞུགས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་སོང་།
མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་ཁོང་གིས་ཕྱི་ལོ་ ༢༠༠༦ ལོར་ཁོང་ཉིད་ཐོག་མར་བཞུགས་སྒར་རྡ་སར་ཇི་ལྟར་ཕེབས་པའི་བརྒྱུད་རིམ་སྐོར་ངོ་སྤྲོད་སྙིང་བསྡུས་དང་། རྒྱ་ནག་དམར་གཞུང་གིས་ཐེ་ཝན་རྒྱལ་ཁབ་ནང་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར། ཉེ་བའི་ཆར་རྒྱལ་སྤྱིའི་ནང་ཐེ་ཝན་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ། དེར་ཐེ་ཝན་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་དང་། བོད་པའི་ཉམས་མྱོང་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ། དེ་བཞིན་བོད་དང་། སོག་པོ། ཧོང་ཀོང་། ཐེ་ཝན། ཡུ་གུར་བཅས་ཀྱི་མི་རིགས་དབར་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་སྟེ། རྒྱ་ནག་དབང་ཆ་གཅིག་སྡུད་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། དེས་ནུབ་ཕྱོགས་པས་དབྱེ་ཞིབ་བྱས་པ་ལས་གྲུབ་འབྲས་ལེགས་པ་ཐོན་ཐུབ་པ་སོགས་ཀྱི་སྐོར་གསུངས།དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་ནག་དམར་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་རྒྱལ་སྤྱིའི་ནང་རྟག་ཏུ་གནས་ཚུལ་རྫུན་མ་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པའི་སྐོར། ཐེ་ཝན་གྲོས་ཚོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་པ། ཐེ་ཝན་གཞུང་གི་ཐོག་ནས་བོད་མིའི་མཐོང་མཆན་ཞུ་རྒྱུའི་དཀའ་ངལ་མེད་པ་བཟོ་ཐབས། ཞི་ཅིན་ཕིང་གིས་སོ་སོའི་དབང་ཆ་སྲུང་སྐྱོབ་ཆེད་རྒྱ་ནག་མཐའ་མཚམས་སྲུང་སྐྱོབ་ལས་ནང་ཁུལ་གྱི་བདེ་འཇགས་ལ་འགྲོ་སོང་མང་བ་བཏང་དང་གཏོང་བཞིན་ཡོད་པ་དེས། དམར་པོའི་སྒྲིག་འཛུགས་ནང་ལ་དངངས་སྐྲག་ཡོད་པ་མཚོན་གྱི་ཡོད་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ (INPaT) ནང་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། མང་གཙོ་དོན་གཉེར་ཅན་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་སོགས་ཞུས་གནང་སོང་བ་བཅས། །