༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་སྒྲིག་འཛུགས་ནས་སྲུང་བརྩི་ཞུས་པའི་མགོན་པོ་གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་སྒྱུར་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་གི་རྒྱལ་སྒོ་རུ་རང་ལུགས་ཕེབས་བསུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་སོགས་ཀྱིས་ཕེབས་བསུ་དང་བཅས་མཛད་སྒོའི་སྡིངས་ཆའི་ཞབས་སྟེགས་སུ་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་བླངས།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་ཀྱིས་ཉིན་ལྟར་སྨོན་ལམ་རྒྱག་བཞིན་པ་ནི། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པ་འདི་ཡིན་ལ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སེམས་ཅན་ཇི་སྙེད་པ་དེ་སྲིད་ཀྱི་བར་དུ་ངོས་རང་ཡང་དེར་སྐྱེ་བ་བླངས་ནས་སྒོ་གང་ས་ནས་གཞན་གྱི་སྡུག་བསྔལ་སེལ་བ་དང་། གཞན་གྱི་དོན་སྒྲུབ་པ་ལ་སྙིང་ཁུང་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་དེ་འགྲོ་བཞིན་ཡོད། སྐབས་སུ་བབ་པ་ལས་དང་སྨོན་ལམ་གྱི་དབང་གིས་ངོས་རང་བོད་མདོ་སྨད་ལུང་པར་སྐྱེས་པ་རེད། དུས་ད་ལྟའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་ལྷག་བསམ་མ་དོར་བའི་ཐོག་ནས་གཞན་ལ་ཕན་བདེ་སྒྲུབ་རྒྱུ་གང་ཡོང་ཅི་ཡང་བྱས་པ་ཡིན། དེ་རིང་འདིར་སྐབས་སུ་བབ་པ་ངོས་རང་ལོ་ ༨༨ ལ་སླེབས་པའི་འཁྲུངས་སྐར་དུས་ཆེན་རེད། ངོས་རང་ལོ་བརྩི་དུས་ལོ་ ༨༨ ལ་སླེབ་ཀྱི་ཡོད་པ་རེད། ཤེལ་སྒོའི་ནང་རང་གི་གདོང་ལ་བལྟ་དུས་ལྔ་བཅུ་ང་གྲངས་ཤིག་མིན་འགྲོ་བསམ་གྱི་འདུག ཕལ་ཆེར་ངོས་ཀྱི་གདོང་པ་པོར་ཏོ་ལག་པས་འཁྱོག་ཚད་ཅིག་ཆགས་ཡོད་པ་མ་རེད། ངོས་ཀྱི་སོ་ལ་ཆ་བཞག་ནའང་སོ་གཅིག་ཀྱང་འཕུད་མེད། ལྟོ་ཆས་ག་རེ་ཟ་དགོས་ཀྱང་སོ་ཨང་གསར་བྱས་ཏེ་བསྡད་ཡོད།
ལས་དང་སྨོན་ལམ་གྱི་ཐོག་ནས་ངོས་རང་བོད་དུ་སྐྱེས་ཤིང་། རིམ་བཞིན་ཏཱ་ལའི་བླ་མའི་མིང་ཐོགས་པ་རེད། ད་ལྟའི་བར་དུ་ཏཱ་ལའི་བླ་མའི་མིང་འཁྱེར་ནས་དངོས་ཤུགས་བརྒྱུད་གསུམ་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་དོན་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་ཏེ་ཕན་ཐོགས་སྒྲུབ་པ་ཡིན། འགྱོད་པ་ཁྱོན་ནས་མེད། ལྷག་པར་བར་སྐབས་དུས་ཚོད་ཧ་ཅང་ཁག་པོ་བྱུང་བའི་སྐབས་སུ་ངོས་རང་ལྷག་བསམ་དང་། སེམས་ཤུགས་ཞུམ་པ་མེད་པར་བསྡད་པ་ཡིན། ང་ཚོ་བོད་པའི་ཐོག་ལ་བསམ་བཞིན་དུ་གནག་པོ་བྱེད་མཁན་གྱི་རྒྱ་ནག་གུང་བྲན་ཏང་གི་འགོ་ཁྲིད་ཚོ་ཡིན་ནའང་རེད། གང་ལྟར་གུང་བྲན་ཏང་གི་ལས་ཀ་བྱེད་མཁན་ཚོར་སྙིང་རྗེ་སྐྱེས་ཀྱི་འདུག་མ་གཏོགས་ཁྲོ་སེམས་ཁྱོན་ནས་སྐྱེས་ཀྱི་མི་འདུག ལྷག་པར་རྨོངས་པའི་དབང་གིས་འདི་ལྟར་བྱུང་བ་རེད་བསམ་པ་དྲན་བཞིན་པ་མ་གཏོགས་ཁོང་ཁྲོ་ཟ་བ་ཁྱོན་ནས་མི་འདུགད་ལྟའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ནག་མི་མང་ལ་ཆ་བཞག་ནའང་ལྷག་བསམ་རྣམ་དག་གི་ཐོག་གནས་པ་ཡིན། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་འདིའི་མི་ཚང་མར་ཕན་པ་ཞིག་རེད་ལ། བྱེ་བྲག་ཏུ་རྒྱ་ནག་མི་མང་མང་པོ་ཞིག་ནང་པ་ཆགས་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ནང་པ་རེད། ངོས་རང་སྔོན་མ་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་ས་ཆ་འདྲ་མི་འདྲ་རུ་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག ངོས་རང་དེར་འགྲོ་མྱོང་། རྒྱ་ནག་ལ་ནང་པ་སངས་རྒྱས་པའི་ཆོས་རིམ་པས་དར་ཡོང་གི་འདུག རྒྱ་ནག་མི་མང་ལ་འདི་ཕྱི་གཉིས་ཡོད་ཅིག་ཡོང་ཆེད་སེམས་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་བའི་སྟོང་པ་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་བ་ཡིན་ན་ཚན་རིག་དང་མཐུན་པ་རེད། ལྷན་དོན་སེམས་ཁམས་རིག་པའི་སྐོར་ལ་བཤད་དགོས་བྱུང་ན། རྩ་བའི་འཛམ་གླིང་གི་ཆོས་ལུགས་ཚང་མར་ངོས་ཀྱིས་གུས་བཀུར་བྱེད་ཀྱི་ཡོད། ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མས་གཞན་ཕན་གྱི་བསླབ་བྱ་དེ་ཧ་ཅང་ཡག་པོ་ཡོང་གི་འདུག ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ནའང་རེད། གང་ལྟར་བསམ་བློ་གཏོང་སྟངས་དེ་ཏོག་ཙམ་གུ་དོག་པོ་ཆགས་ཀྱི་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་ནི་གོང་དུ་ཞུས་པ་ལྟར། ཇི་སྲིད་ནམ་མཁའ་གནས་པ་དང་། །ཞེས་པའི་སྨོན་ལམ་འདི་ཧ་ཅང་ཤུགས་ཆེན་པོ་རེད། ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་ཀྱི་ཡིན་ཟེར་བ་ཞིག་རེད། ངོས་ཀྱིས་ཉིན་རེ་བཞིན་དོན་དག་འདི་ལ་བསམ་བློ་བཏང་ནས་ད་ལྟའི་བར་དུ་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཕན་ཐོགས་སྒྲུབ་པ་ཡིན།འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་ཞེས་བྲིས་འདུག ངོས་ཀྱིས་ཤེལ་སྒོའི་ནང་བལྟ་དུས་ལོ་ལྔ་བཅུ་སྐོར་ཞིག་མིན་འགྲོ་བསམ་ནས་གྲུང་ཐག་ཆོད་བསྡད་ཡོད་མ་གཏོགས་སྤོ་ལགས་རྫི་བརྡིབ་བསྡད་ཡོད་པ་ཞིག་ཁྱོན་ནས་ཆགས་མེད། ད་དུང་འབྱུང་འགྱུར་ཕལ་ཆེར་ངོས་རང་གིས་ཚོད་དཔག་དང་། ལུང་བསྟན་ལ་བསམ་བློ་གཏོང་དུས་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པ་ཞིག་རེད། དེར་བརྟེན་ད་ལྟ་ཕན་ཆད་ལ་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྟེང་གི་མི་མང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཞབས་འདེགས་གང་འཚམ་སྒྲུབ་ཡོད། ད་དུང་ཡང་འབྱུང་འགྱུར་ལོ་སུམ་ཅུ་བཞི་ཅུར་ཞབས་འདེགས་དེ་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་བསྡད་ཡོད། ཁྱོད་ཚོ་ཚང་མས་སྨོན་ལམ་རྒྱག་རོགས། ཁྱོད་རང་ཚོས་ངོས་ཀྱི་འདྲ་རིས་འབྲི་དུས་ལོ་ ༨༨ ཅན་གྱི་པོར་ཏོ་ལག་པས་འཁྱོག་ཚད་ཅིག་མ་འབྲི་ཨང་། ཐད་ཀར་འཛམ་གླིང་འདི་དང་། བརྒྱུད་ནས་བོད་རྒྱ་ཆེའི་མི་མང་གི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་ཤར་ནུབ་ཡུལ་གྲུ་ཁག་གི་མི་ཚང་མར་ངོས་ཀྱིས་ཕན་ཐོགས་གང་ལ་གང་འཚམ་བྱེད་ཐུབ་ཀྱི་ཡོད། ད་དུང་ཡིན་ནའང་སེམས་ཤུགས་བསྐྱེད་དེ་སེམས་པ་བཟང་པོ་བྱེད་པ་དང་། ལྷག་བསམ་རྣམ་དག་གི་ཐོག་ནས་མི་ལ་ཞབས་འདེགས་སྒྲུབ་པའི་སེམས་ཤུགས་ཡོད་མཁན་གྱི་ཆོས་པ་ལྟ་ཅི་སྨོས། ཆོས་མེད་མཁན་ཚོ་དང་། གང་ལྟར་སྤྱི་སེམས་འཁྱེར་མཁན་ཚང་མར་ངོས་ཀྱིས་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་ཅིང་། དམ་བཅའ་འཇོག་གི་ཡོད། སྔ་མོ་ངོས་རང་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་མའོ་ཙེ་ཏུང་དང་ཐེངས་མང་པོ་ཐུག་པ་རེད། མའོ་ཙེ་ཏུང་དང་མཇལ་འཕྲད་ཐ་མའི་སྐབས་སུ་ཁོས་ངོས་ལ་ཁྱེད་རང་གི་བསམ་བློ་ལ་ཚན་རིག་གི་ཤུགས་ཆེན་པོ་ཡོད་པ་འདྲ། ཧ་ཅང་ཡག་པོ་རེད། ཆོས་ཟེར་བ་ནི་དུག་རེད་ཅེས་བཤད་མྱོང་། ངོས་ཀྱིས་གང་ཡང་མ་བཤད་པར་སྤམ་པོ་བྱས་ཏེ་བསྡད་པ་ཡིན། མའོ་ཙེ་ཏུང་ད་ལྟ་ཡོད་ན་དེ་དུས་ཀྱི་སྐད་ཆ་ལ་རྦད་དེ་འགྱུར་བ་འགྲོ་གི་རེད།གང་ལྟར་ཆོས་ཆོས་ཟེར་བ་ནི་ལྷ་ཁང་ཞིག་གི་ནང་དུ་སྨོན་ལམ་བརྒྱབ་ནས་སྡོད་པའི་སྐད་ཆ་མིན་པར། ཆོས་ནི་སེམས་རྒྱུད་བཟང་པོ་བྱེད་པ་དང་། གཞན་ལ་རོགས་ཕན་བྱེད་པ་དེ་རེད། གུང་བྲན་རིང་ལུགས་ལ་མཚོན་ནའང་གཞན་ཕན་བྱེད་པ་གཙོ་བོར་བཤད་ཀྱི་ཡོད་པ་རེད། གྲལ་རིམ་གྱི་ཐོག་ནས་འབྱོར་ལྡན་གྱིས་དབང་ཆ་འཛིན་པ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་ལ་རྒྱུ་མཚན་འདུག འགྲིག་གི་འདུག དེར་བརྟེན་གལ་སྲིད་ད་ལྟའི་དུས་སུ་མའོ་ཙེ་ཏུང་ཡོད་པ་དང་། ངེད་གཉིས་ལྷོད་ལྷོད་བྱས་ཏེ་བགྲོ་གླེང་བྱས་ན་ངོས་ཀྱིས་མའོ་ཙེ་ཏུང་ཏན་ཏན་ནང་པ་ལ་བསྒྱུར་ཐུབ་ཀྱི་རེད། ང་ཚོས་ཆོས་ཞེས་སྐད་ཆ་བཤད་བཞིན་པ་དེ་བདེན་པ་རེད་འདུག ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་དང་། གྲུབ་འབྲས་འཐེན་འཁྱེར་བྱེད་པའི་སྐད་ཆ་མ་རེད། མི་སེམས་བཟང་པོ་ཞིག་དང་། མི་ཚེ་སྐྱིད་པོ་ཡོང་བའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། རྒྱ་ཆེ་ས་ནས་ཚེ་འདི་ཙམ་མ་ཡིན་པར་ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་ཞིག་དང་། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་བསམ་བློ་གཏོང་གི་ཡོད། ཧ་ལས་པ་རེད། དེ་ལྟ་བུའི་སེམས་ཤུགས་སླེབས་པ་ཞིག་སངས་རྒྱས་པའི་ཆོས་དང་། ལྷག་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་གསུང་བའི་བསླབ་བྱ་རྣམས་ཧ་ཅང་ཟབ་མོ་རེད། ངོས་ཀྱིས་བསླབ་བྱ་དེ་དག་སེམས་ལ་བཞག་ནས་ག་ཚོད་ཐུབ་ཐུབ་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ཕན་བྱེད་པ་དང་། དེ་ཡང་ཁམས་དང་མོས་པ་དང་འཚམ་པའི་ཐོག་ནས་འགྲོ་བ་ཞིག་ད་ལྟའི་བར་དུ་བྱས་པ་ཡིན། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་རིང་ངོས་ཀྱིས་གཞན་ཕན་སྒྲུབ་རྒྱུར་ཨང་གསར་བྱས་ནས་འདུག་རྒྱུ་དང་། དེའི་རིང་འཛམ་གླིང་གི་གནས་ཚུལ་མང་པོ་འགྱུར་བ་འགྲོ་བ་དང་། ལྷག་པར་ཕལ་ཆེར་འཛམ་གླིང་ལ་ཞི་བདེ་ཡག་པོ་ཡོང་ཐུབ་པའི་རེ་བ་འདུག གོ་མཚོན་མེད་པ་དང་། དམག་མིས་མེ་མདའ་འཁྱེར་ནས་འགྲོ་པ་དེ་མེད་པར་དངོས་གནས་འཚེ་བ་མེད་པ་དང་། ཚང་མ་གྲོགས་པོའི་འདུ་ཤེས་ཐོག་ནས་འཛམ་གླིང་འདིར་འཚོ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག དེ་ལྟར་འཛམ་གླིང་འདིར་དོན་དམ་པའི་གོ་མཚོན་མེད་པ་དང་། འཁྲུག་པ་རྒྱག་རེས་མེད་པར་མི་དང་མིའི་བརྩེ་བ་མ་དོར་བར་འགྲོ་བ་བྱུང་དུས་འཛམ་གླིང་ལ་དངོས་གནས་ཞི་བདེ་ཡོང་གི་ཡོད། དེ་ལྟ་བུ་འགྲུབ་པ་ཞིག་ངོས་ཀྱི་བསམ་བློའི་ནང་འཇོག་གི་ཡོད། རིམ་བཞིན་འཛམ་གླིང་འདིར་གོ་མཚོན་མེད་པ་དང་། དྲག་པོའི་དམག་ཤུགས་མེད་པ་ཞིག་ནི། ང་ཚོ་ཨ་མའི་གྲོད་ཁོག་ལས་སྐྱེས་པའི་སྐབས་སུ་གོ་མཚོན་མེད་པར་གཅིག་གིས་གཅིག་ལ་བརྩེ་བ་བྱས་ཏེ་མི་ཚེ་འགོ་ཚུགས་པ་རེད། གལ་སྲིད་མི་ཐེར་འབུམ་བདུན་བརྒྱད་ཙམ་ཡོད་པ་ཚང་མས་ཕན་ཚུན་ལ་བརྩེ་བ་བྱས་ཏེ་ཕན་པའི་བསམ་པ་ཡག་པོ་ཞིག་གི་ཐོག་གནས་པའི་བསམ་བློ་འཁྱེར་ཐུབ་པ་བྱུང་ན། དེ་ནས་གང་འཚམ་ནས་བསྐལ་བ་མེ་འཇིག་ཆུ་འཇིག་ཟེར་བའི་མེ་འཇིག་དེའང་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཆེ་རུ་ཕྱིན་ནས་སླེབས་ཡོང་གི་ཡོད་པ་རེད། ཚན་རིག་པ་ཚོས་ཀྱང་དེ་བཤད་ཡོང་གི་འདུག
དེར་བརྟེན་འཛམ་གླིང་གི་ཚ་དྲོད་རྒྱས་ནས་བསྐལ་བ་མེ་འཇིག་མ་བྱུང་གོང་ལ་ང་ཚོས་མི་ལུས་ཐོབ་པ་དོན་ལྡན་ངང་བསྐྱལ་དགོས་པ་དང་། བསྐལ་བ་མེ་འཇིག་སླེབས་པའི་སྐབས་སུ་གླིང་གཞན་དང་གཞན་ལ་སྐྱེ་གི་རེད། སྐྱེ་བའི་སྐབས་སུའང་གཞན་ཕན་གྱི་བློ་ལྷག་བསམ་རྩེ་གཅིག་གིས་འཁྱེར་དགོས་ཤིང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་བཤད་ཀྱི་ཡོད། དེ་ལྟ་བུ་ལ་མུ་མཐུད་ནས་སྐྱེས་ཏེ་འཛམ་གླིང་འདིར་བསམ་པ་བཟང་པོར་སློབ་སྦྱོང་དང་ལག་ལེན་སྐྱེལ་བ་འཛམ་གླིང་གཞན་དང་གཞན་དུའང་ཕར་སྤེལ་ཐུབ་པ་ཞིག་བྱུང་ན། ཇི་སྲིད་ནམ་མཁའ་གནས་པ་དང་། །ཞེས་སོགས་ཀྱི་སྨོན་ལམ་འདི་འགྲུབ་པར་བྱེད་ཀྱི་ཡོད། ངོས་ཀྱི་བསམ་བློ་དེ་ལྟར་ཡིན། ༸རྒྱལ་བ་རིན་པོ་ཆེའི་སེམས་ཤུགས་ཆག་པ་ལྟ་བུ་རྩ་བ་ཉིད་ནས་མེད། ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་བསམ་པའི་ལྷག་བསམ་དང་སྙིང་སྟོབས་བསྐྱེད་བཞིན་ཡོད། འཕྲལ་སེལ་དུ་ཁ་སྐོམ་དུས་ཇ་འཐུང་བ་དང་། གྲོད་ཁོག་ལྟོགས་དུས་ཟ་མ་ཟ་རྒྱུ་ནི་ལུས་འདི་བླངས་ཕྱིན་ཆད་མ་བྱས་རང་བྱས་རེད། བསམ་བློའི་ཐོག་ནས་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་ཕན་སྒྲུབ་བསམ་པ་ཞིག་སེམས་ཤུགས་འགྱུར་བ་མེད་པར་གནས་ཡོད།
སེམས་ཤུགས་འགྱུར་བ་མེད་པར་གནས་པ་ལ་ཕལ་ཆེར་ཤུགས་རྐྱེན་ཡོད་པ་འདྲ། ངོས་ཀྱི་གདོང་འདི་ཡང་གཞོན་སྐྱེས་ཀྱི་གདོང་ལྟ་བུ་ཞིག་ལས་པོར་ཏོ་བརྒྱད་ཅུ་གྱ་གྲངས་ཅན་གྱི་གདོང་ལྟ་བུ་འདུག་གམ། ངོས་ཀྱིས་དངོས་གནས་གཞན་ཕན་གྱི་བློ་རྩེ་གཅིག་ཏུ་བསྐྱེད་ནས་ཕན་པ་རྒྱ་ཆེན་པོ་སྒྲུབ་པ་ཞིག་ལ་བསམ་བློ་གཏོང་གི་ཡོད། བསྐལ་བ་མེ་འཇིག་སླེབས་པའི་སྐབས་སུ་ངོས་རང་གླིང་གཞན་དུ་སྐྱེ་གི་རེད། གླིང་གཞན་དུའང་གཞན་དོན་སྒྲུབ་པ་ཞིག་མུ་མཐུད་ནས་བྱེད་ཀྱི་རེད།
མདོར་ན། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་རྒྱུ་ནི་ངོས་ཀྱི་ཉམས་ལེན་གྱི་གཙོ་བོ་རེད་ལ་སེམས་ཤུགས་ཀྱང་དེ་བཞིན་བསྐྱེད་ཀྱི་ཡོད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། །