༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་དང་། ཐའེ་སྡོད་བོད་རིགས་ཚོགས་པ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གཞོགས་འདེགས་འོག་ཐའེ་ཝན་ཤི་ལིན་ (Shilin) རྫོང་གི་ཚོགས་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུང་ཧྲན་ཧན་ (Hung Sun Han) མཆོག་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་བླ་ཏིལ་རིན་པོ་ཆ་མཆོག ཐའེ་ཝན་དོན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཧུའང་རུས་རུབ་ (Hung, Ruei Rou) ལགས། ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ཁྲིན་ཇེ་རུབ་ (Chen,Chieh -ju) ལགས། ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧུང་མའོ་ཧྭ་ (Hu, Miao-Hua) ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ཐའེ་ཝན་ཀྱི་གྲོགས་པོ་དང་བོད་མི་སེར་སྐྱ་མི་མང་དྲུག་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་གཟབ་མཆོར་ལེགས་པར་སྤྲས་པའི་ལྷ་མོ་ ༥༠ ཐམ་པ་མདུན་དུ་གོམ་བགྲོས་དང་སྐུ་མགྲོན་རྣམས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་བོད་རྒྱ་རྡོ་རྗེའི་སྲུང་མ་བརྒྱད་རེ་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་རྗེས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་དྲན་རྟེན་གྱི་མཉམ་པར་སྒྲོན་པ་དང་། དང་བླངས་ཚོས་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་གྲུབ་མཚམས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་འགྲེལ་བརྗོད་དང་། ཐའེ་ཝན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་བླ་མ་དང་སློབ་མའི་འབྲེལ་བ་དམ་ཟབ་ཇི་འདྲ་ཡོད་པ། བོད་མི་དང་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་རྣམས་ལ་མཐོང་མཆན་གྱི་དཀའ་ངལ་སྐོར་ཞུ་གཏུག་རིམ་པ་ཞུས་ཏེ་ད་ཆ་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཚོར་སློབ་སྦྱོང་བྱེད་རིང་གནས་སྡོད་ཆོག་པའི་ལག་འཁྱེར་རག་ཐབས་ཡོད་ཉེ་དང་། གཞན་ཡང་དགེ་འདུན་པའི་མཐོང་མཆན་སྐོར་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་རྒྱུའི་རེ་བ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། སྐྱབས་གནས་དགེ་འདུན་གྱི་སྡེ་དང་བོད་མི་ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བླངས་དོར་གྱི་བཀའ་སློབ་ཇི་ཕེབས་སྙིང་ལ་བཅངས་ཏེ་བྱ་སྤྱོད་ཡིན་ལུགས་ཚུལ་མཐུན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་།
དེ་ནས་སྐུ་ཞབས་ཧུང་ཧྲང་ཧན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་འཚབ་དང་ཐའེ་ཝན་དུ་ཡོད་པའི་བླ་མ་དགེ་བཤེས་རྣམ་པའི་མཐོང་མཆན་གྱི་དཀའ་ངལ་ལ་མུ་མཐུད་མཐུན་འགྱུར་རམ་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་ཟབ་མོ་གནང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཁྲིན་ཇེ་རུབ་ལགས་ཀྱིས་ཁོ་མོས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་དང་། རྡ་སར་༸གོང་ས་མཆོག་མཇལ་བཅར་ཞུ་སྐབས་ཀྱི་མྱོང་ཚོར་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
གསུང་བཤད་གྲུབ་རྗེས་སྐུ་ཚབ་དོན་གཅོད་གཙོས་པའི་སྐུ་མགྲོན་རྣམ་པས་ལོ་ཙྭ་བ་བློ་བཟང་བྱམས་ཆེན་ལགས་ཀྱིས་རྩོམ་སྒྲིག་གནང་ཞིང་སྐུ་ཚབ་དོན་གཅོད་ལས་ཁུང་ནས་པར་སྐྲུན་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེབ་ཕྲེང་ཉེར་གཅིག་པ་དབུ་འབྱེད་གནང་རྗེས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་སྐར་མ་སུམ་ཅུ་ཙམ་རིང་སྨོན་ལམ་གསུང་འདོན་ཞུས་ཡོད་པ་རེད།
དེ་ནས་གླུ་གཞས་དགའ་སྟོན་གྱི་རྒྱ་མཚོར་རོལ་ནས་ཉིན་འཁྱོངས་ཀྱི་མཛད་སྒོ་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་ཡོངས་ལ་གསོལ་ཇ་དང་ཉིན་གུང་དཀར་ཟས་རྒྱས་པ་འདེགས་འབུལ་ཞུས།
དེ་ནས་༧རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་ཟླ་འདིའི་ཚེས་ ༣ ཉིན་ཏེ་འཛམ་གླིང་སྤྱི་བསང་གི་ཉིན་དེར་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་དགེ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་གཙོས་པའི་ཐའེ་ཝན་གནས་བཞུགས་བླ་གྲྭ་དགེ་བཤེས་ ༤༠ ལྷག་ཙམ་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་དུ་འདུ་འཛོམས་ཀྱིས་གསོ་སྦྱོང་ཚོགས་གནང་ཡོད་པ་དང་། འདི་ལྟ་བུའི་གསོ་སྦྱོང་དེ་བཞིན་དོན་གཅོད་ལས་ཁུངས་སུ་ཚོགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། ཚང་མས་༸རྒྱལ་བའི་ཞབས་རིམ་ཆེད་སྨོན་ལམ་ཡང་ཚོགས་པ་རེད།
ཐའེ་ཝན་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་སྔ་སྣུར་གྱིས་རེས་གཟའ་སྤེན་པ་དང་ཉི་མར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༡ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་ཚོགས་ནས་འཆར་ཅན་འཚོགས་བཞིན་པའི་རོལ་དབྱངས་འདུ་འཛོམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ཐའེ་ཝན་མི་མང་ལ་བཀའ་སློབ་གསུང་གི་བདུད་བརྩི་བཀའ་དྲིན་སྩལ་ཡོད་པདང་། མི་མང་ཆིག་སྟོང་ལྷག་འཛོམས་སར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཀྱང་༸གོང་ས་མཆོག་གི་སྐུའི་གསང་གསུམ་གྱི་མཛད་པ་དང་། ཐའེ་ཝན་མི་མང་ནས་༸གོང་ས་མཆོག་ལ་དད་པ་དང་དམ་ཚིག་གཡོ་ལྷད་མེད་པ་ཡོད་སྐོར་སོགས་གསུངས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གསལ་བའི་མྱུར་སྐྱོབ་སྣུམ་འཁོར་སྤྱན་རས་གཟིགས་ཨང་ ༩ དེ་བཞིན་ཐའེ་པེ་གྲོང་ཁྱེར་ལ་ཕུལ་ཡོད་པ་དང་བཅས། །