༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༩ ཉིན་ཉི་འོང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཕྱི་སྣུར་གྱིས་སྲུང་བརྩི་ཞུས་ཡོད།
དེ་ཡང་ཉི་འོང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཉི་འོང་གི་རྒྱལ་ས་ཊོག་ཡོར་ཉི་འོང་གི་གྲོས་ཚོགས་འཐུས་མི་དང་། མཁན་པོ། དགེ་འདུན་པ། གཙུག་ལག་སློབ་དཔོན། གློག་བརྙན་བཟོ་སྐྲུན་པ། སྒྱུ་རྩལ་བ། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཉིས་བརྒྱ་ལྷག་ལྷན་ཞུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཕྱི་སྣུར་གྱིས་སྲུང་བརྩི་ཞུས་ཡོད་པ་རེད།
སྐབས་དེར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུ་དང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་སྟེ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ངང་མི་མང་ལ་བཀའ་ཆོས་དང་མཇལ་ཁ་གནང་བཞིན་པའི་སྐོར་གསལ་བཤད་དང་། ༸སྐུའི་འཁྲུངས་སྐར་ཉིན་མགོན་པོ་གང་ཉིད་མཆོག་ལ་ལེགས་སྐྱེས་བཟང་ཤོས་ནི་བསམ་པ་བཟང་པོ་བྱེད་རྒྱུ་དེ་ཡིན་ཞེས་གསུངས་པའི་ཐོག མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།
ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ་ཉི་འོང་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་བསྐྱོད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ནས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་ཚུགས་པའི་སྐོར་དྲན་གསོ་དང་སྦྲགས། བོད་ཀྱི་རང་དབང་འཐབ་རྩོད་ནི་སྲིད་དབང་སྒེར་འཛིན་པའི་ཁ་གཏད་ཀྱི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ཇི་ཙམ་བཏང་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བ་དང་། འཚེ་བ་མེད་པའི་དགོངས་བཞེད་ལ་བརྟེན་ནས་རྒྱལ་སྤྱིའི་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས།
དེ་བཞིན་མཛད་སྒོའི་ཐོག་ཀོ་ཡ་སན་ཤིན་གོན་དགོན་པའི་ (Koyasan Shingon Temple) དགེ་འདུན་པ་ཕུ་ཇི་ཏ་ཀོ་ཀན་ (Fujita Kokan) ལགས་དང་། ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་སྐྱོབས་འབྲེལ་མཐུད་ཁང་ (Save Tibet Network) གི་ཚོགས་གཙོ་མ་ནི་ཀོ་ཤི་ཤུ་ (Makino Sheishu) ལགས་ཀྱིས་གསུང་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་བསྟན་འཛམ་གླིང་ཁྱོན་ཡོངས་སུ་དར་འཕེལ་འགྲོ་བཞིན་པའི་སྐོར་དང་། མགོན་པོ་གང་ཉིད་མཆོག་གིས་འགྲོ་དོན་སྤྱི་དང་། ཡང་སྒོས་བོད་དོན་ཐོག་མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་། དེ་རྗེས་བོད་མི་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྚལ་རྟེན་གསུམ་འདེགས་འབུལ་དང་ཞལ་འདོན་གསུང་འདོན་གནང་གྲུབ་མཚམས་གཞས་སྣ་ཁྲབ་སྟོན་གནང་ཡོད་པ་རེད།
སྐལ་བཟང་དུས་ཆེན་འདི་དང་སྟབས་བསྟུན་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དུམ་ ༡༡༣ ཕྱོགས་བསྒྲིགས་ཞུས་པའི་དཔེ་དེབ་ (ཉི་འོང་སྐད།) དང་། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པའི་ངོ་སྤྲོད་དང་འབྲེལ་བགོ་འགྲེམས་གནང་ཡོད།
ཏོག་དབྱིབས་གཉན་རིམས་ཀྱི་དམ་བསྒྲགས་ཀྱི་ལོ་གསུམ་རྗེས་ཐེངས་འདིའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ས་གནས་གང་ས་ནས་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་ཀྱིས་མཇལ་འཕྲད་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་མ་ཟད། ཐེངས་འདིར་དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་བཅུ་མཉམ་ཞུགས་གནང་ཡོད། དེ་བཞིན་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གོ་སྒྲིག་ཐད་ཉི་འོང་སྐུ་ཚབ་དོན་ཁང་དང་འབྲེལ་ཡོད་ཉི་འོང་བ་དང་བླངས་ཁག་གཅིག་ནས་ཞོགས་འདེགས་གནང་ཡོད་པ་ལྟར་སྐུ་ཚབ་དོན་གཅོད་ནས་ཁོང་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས།།