༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུ་མུས་ལྟར། འདི་ལོ་ཕྱི་ཟླ་ ༩ ཚེས་ ༥ ནས་ཟླ་གྲངས་བཅོ་བརྒྱད་ཀྱི་རིང་བོད་དགེའི་འོས་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། དགེ་རྒན་གྱི་ཆེད་ལས་ལ་དོ་དབྱིངས་དང་འདུན་པ་བརྟན་ཞིང་ཆ་རྐྱེན་ཚང་རིགས་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༤ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་འཚང་སྙན་འབུལ་དགོས་པ་དང་། དུས་བཀག་རྗེས་སུ་འབྱོར་བའི་སྙན་ཞུ་རྣམས་བརྩི་མེད་གཏོང་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན།
༡། རྒྱ་གར་གྱི་མཐོ་སློབ་བམ་ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་སློབ་གཉེར་ཁང་སོགས་ནས་བོད་ཀྱི་སྐད་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A)ཐོན་ཞིང་། ཉེ་བའི་གཙུག་ལག་རབ་འབྱམས་པར་ཉུང་མཐར་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ལོན་པ་དགོས།
༢། སྐྱེས་ཚེས་ལག་འཁྱེར་མེད་ཚེ་འཛིན་རིམ་བཅུ་པ་སློབ་ཐོན་གྱི་གྲུབ་འབྲས་ཨང་ཤོག་བཅས་ཀྱི་ངོ་བཤུས།
༣། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ་སྟེང་དོ་བདག་གི་འདྲ་པར་ཐོག་སྨན་པའི་མཚན་རྟགས་ཡོད་པ།
༤། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༥། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་(R.C)གྱི་ངོ་བཤུས།
༦། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ ལ་རང་ལོ་ ༣༢ ལས་མ་བརྒལ་བ་དགོས།
༧། དགེ་རྒན་གྱི་ཆེད་ལས་ལ་དོ་དབྱིངས་སྐོར་ཡིག་འབྲུ་ ༤༠༠ ལས་མི་ཉུང་བའི་ཆེད་རྩོམ་ལག་བྲིས་མ་ཞིག་ཀྱང་མཉམ་སྦྱར་དགོས།
ཐུགས་སྣང་དགོས་གལ།
༡། འོས་སྦྱོང་ནང་སློབ་ཕྲུག་བུ་ ༧ དང་བུ་མོ་ ༨ ལ་གོ་སྐབས་འབུལ་རྒྱུ་ཡིན་ཡང་། ངོ་གཏུགས་འདེམས་སྒྲུག་སྐབས་འོས་ཆོས་ཚང་མིན་གཟིགས་ཚེ་ཟུར་བཅད་ས་མིག་གི་གྲངས་ཚད་ལ་འགྱུར་བ་སྲིད་པ་མ་ཟད། ཚོགས་ཆུང་གི་ཐག་གཅོད་ལ་བརྩི་སྲུང་བྱ་དགོས།
༢། འོས་སྦྱོང་རིང་སློབ་ཡོན་དང་སྡོད་ཁང་། ལྟོ་དོད་བཅས་ཤེས་རིག་ལས་ཁུངས་ནས་འབུལ་རྒྱུ་ཡིན་ཡང་། འཚང་རྒྱུགས་དང་གཞན་གུང་སེང་སྐབས་ལམ་གྲོན་སོགས་རང་ངོས་ནས་གཏོང་དགོས།
༣། འབྲེལ་གཏུག་སླད་དོ་བདག་སྒེར་གྱི་ཁ་བྱང་དང་ཁ་པར་ཨང་། གློག་འཕྲིན་ཁ་བྱང་བཅས་སྙན་ཞུའི་ནང་ཁ་གསལ་འགོད་དགོས།
༤། དགོས་ངེས་ཡིག་ཆ་ཚང་བའི་སྙན་འབུལ་བ་རྣམས་ལ་བརྡ་ལན་གྱིས་ཤེས་རིག་ལས་ཁུངས་སུ་ཕྱི་ཟླ་ ༩ ཚེས་ ༣ (རེས་གཟའ་ཉི་མ་)ཉིན་འདེམས་རྒྱུགས་སླད་ཆེད་འགུགས་གནང་རྒྱུ་ཡིན་པས་དེ་སྐབས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་ངོ་བཅར་དགོས་རྒྱུ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༤ ལ།
The Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala-176215
Distt Kangra
H.P. India
Email: [email protected]/[email protected]
website: www.sherig.org