༄༅། །ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་རིགས་ཚོགས་པ་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་གྲུབ་རྗེས་ཚོགས་བཅར་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་རྒྱལ་ཁབ་དང་མི་རིགས་ཆེད་སྐུ་ལུས་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་མྱ་ངན་གུས་འདུད་གནང་སྟེ་མཛད་སྒོ་དབུ་འཛུགས་ཞུས། དང་ཐོག་སྭི་ཌན་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་འབྲེལ་གྲོས་གཞི་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཞི་ནས་གཞུང་འབྲེལ་ལས་དོན་སྐོར་ངོ་སྤྲོད་གནང་།
སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་སྤེལ་བར་ས་གནས་སོ་སོའི་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གལ་གནད་ཆེན་པོ་ཆགས་ཚུལ་སྐོར་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་སླད་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཞུ་གཏུག་གནང་གལ་ཆེ་བའི་སྐོར།
བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱལ་ནང་དུ་སྲིད་གཞུང་ལ་གནོན་ཤུགས་སྤྲོད་མཁན་གྱི་ཚོགས་པ་ཁག་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་དང་། བོད་དོན་ཞུ་གཏུག་སླད་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི་དང་འབྲེལ་བ་གནང་རྒྱུའི་གལ་གནད་སྐོར་གསུངས། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་འཛམ་གླིང་ལ་བོད་དོན་གྱི་གལ་གནད་དང་། ཡུ་རོབ་ནང་ཁུལ་བོད་དོན་ཞུ་གཏུག་གནང་ཕྱོགས་ལ་ཐབས་བྱུས་གཅིག་གྱུར་མེད་པའི་དཀའ་ངལ་ཡོད་སྐོར་སོགས་ཀྱི་ཐད་བཀའ་མོལ་གནང་ཡོད། དེ་མཚུངས་ཚོགས་བཅར་བ་རྣམས་ནས་ས་གནས་སོ་སོའི་གནས་སྟངས་དང་། མ་འོངས་མངོན་འདོད། གོ་སྐབས་དམ་འཛིན། ཚོགས་པའི་དཀའ་ངལ་སོགས་ཀྱི་ཐད་བསམ་ཚུལ་གསུངས་ཡོད་པ་རེད། ཚོགས་འདུའི་ཉིན་གྲངས་གཉིས་པར་སྭི་ཌན་གྲོས་ཚོགས་སུ་བོད་དོན་གསུང་བཤད་གོ་སྒྲིག་གནང་བ་བཞིན་སྭི་ཌན་གྲོས་ཚོགས་འཐུས་མི་མར་གྷ་རེ་ཊ་སེ་ཊར་ཕེལ་ (Margareta Cederfel) ལགས་དང་། གྲོས་ཚོགས་འཐུས་མི་ཇོམ་པོབ་ (Richard Jomshof) ལགས་ནས་རང་ཉིད་ཀྱི་ཉམས་མྱོང་དང་བོད་དོན་དང་འབྲེལ་བ་བྱུང་སྟངས་དྲན་གསོ་དང་སྦྲགས། སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་། སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སྐོར་དང་། ཨ་བྷིར་ཊིན་གཙུག་ལག་སློབ་གཉེར་ཁང་ (Aberdeen University) གི་འབུམ་རམས་པ་མར་ཊིན་མིལ་ (Martin Mills) ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་སྐོར་ཉམས་ཞིབ་གནང་བའི་རྙེད་དོན་དང་། བོད་ཀྱི་ཁོར་ཡུག་གི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཕན་གནོད་ཇི་འདྲེན་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
ཚོགས་འདུའི་ཉིན་གྲངས་གསུམ་པར་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་གྲོས་མོལ་གནང་སྟེ། ས་གནས་ཁག་གི་གནས་སྟངས་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་གྱི་འབྲེལ་ལམ་སྐོར་རྒྱུས་ལོན་ཞུས་པ་མ་ཟད། ཚོགས་པ་ཕན་ཚུན་མཉམ་སྦྲེལ་གྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་ཐད་ཀྱང་གྲོས་མོལ་གནང་ཡོད། ཚོགས་འདུའི་ཚོགས་བཅར་བའི་ཁོངས་བོད་རིགས་ཚོགས་པ་ཁག་བརྒྱད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བརྒྱད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཞི། སྭི་ཌན་གནས་སྡོད་བོད་རིགས་གཞོན་སྐྱེས་ལྔ་བཅས་ཁྱོན་ཚོགས་བཅར་བ་ ༢༨ མཉམ་ཞུགས་གནང་ཡོད།
ཐེངས་འདིར་ཨཱ་ཡར་ལེནྜ་དང་། ཨེསྚོ་ནི་ཡཱ། ལཱཏ་ཝི་ཡཱ་བཅས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་བཅར་ཐུབ་མེད། ཚོགས་འདུའི་མཇུག་སྡོམ་མཛད་སྒོ་གྲོལ་རྗེས་སྭི་ཌན་བོད་རིགས་ཚོགས་པའི་ངོས་ནས་ཚོགས་བཅར་བ་རྣམས་ལ་དགོང་དྲོའི་གསོལ་སྟོན་བཤམས་ཡོད་པ་དང་། དེ་རྗེས་སྒོར་གཞས་ཀྱི་དགའ་སྟོན་ལ་རོལ་ཡོད་པ་བཅས།།