༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༤ ཚེས་ ༡༤ ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༣ རེས་གཟའ་སྤེན་པ་ཉིན་སྦེལ་ཇམ་མདོ་སྨད་ས་རྒྱུན་གྱི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཊབ་ (Antwerpen) ཏུ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༨༨ བཞེས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་ལྔ་པ་བསྲུང་བརྩི་ཞུས་གནང་སོང་།དེ་ཡང་ཐེངས་འདིའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དཔལ་རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་དང་། སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཕེབས་འདུག གཞན་ཡང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་སྤྱི་ཟུར་སྒྲོལ་དཀར་སྐྱབས་ལགས། དེ་བཞིན་བོད་རིགས་ཚོགས་པས་དབུས་པའི་སྦེལ་ཇམ་ཁུལ་གྱི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་བཅར་ཞུས་འདུག མཛད་སྒོའི་ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུ་གྲུབ་མཚམས་སྐྲུ་མགྲོན་རྣམ་པས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་གི་རིང་གནང་།སྦེལ་ཇམ་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་ཙ་ཡུས་སྐལ་བཟང་ལགས་ཀྱིས་ཚོགས་པ་འདི་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ ཉིན་ཐོག་མར་འགོ་འཛུགས་གནང་བའི་རྗེས་ལོ་ལྟར་ཆགས་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གོ་སྒྲིག་གནང་ཡོད་སྐོར་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱ་རྒྱུ། བོད་མིའི་སྒྲིག་འཛུགས་དང་བོད་རིགས་ཚོགས་པ་གཉིས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དེ་གཙོ་བོ་ཡིན་པ་དང་། དེ་བཞིན་མདོ་སྨད་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་ཞུ་རྒྱུ་བཅས་ཡིན་སྐོར་གསུང་སོང་། གཞན་ཡང་ཁོང་གིས་རང་ཉིད་བོད་པ་ཞིག་ཡིན་བསམ་ན། དང་བླངས་དཔྱ་དངུལ་ལག་དེབ་དེ་ངེས་པར་དུ་བཟོ་གལ་ཆེ་བའི་སྐོར་ལ་འབོད་སྐུལ་ཞུས་སོང་།དེ་ནས་ས་རྒྱུན་གྱི་རྩིས་པ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐབས་འདིའི་ལས་རྒྱུན་ལོ་གསུམ་གྱི་རྩིས་ཁྲའི་གནས་སྟངས་སྙན་གསན་ཞུས་རྗེས་སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་མི་བཟང་པོ་ཞིག་བྱེད་དགོས་པ་དང་། དེ་དང་མཉམ་དུ་ང་རང་ཚོ་མི་རེ་ངོ་རེ་ནས་ཆོས་དང་སྐད་ཡིག རིག་གཞུང་དེ་དག་སྲུང་སྐྱོབ་ངེས་པར་བྱེད་དགོས་པ་ཡིན། ༸རྒྱལ་བ་དོན་གྱི་བདག་པོས་སྐུ་ན་ཕྲ་མོའི་དུས་ནས་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་བདག་གིར་བཞེས་ཏེ་ད་ལྟ་ཡིན་ནའང་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་པ་ལྷུར་ལེན་གནང་བཞིན་པ་ཡིན་དུས། ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟེན་པ་ཚང་མས་ཧུར་ཐག་གནང་རོགས་ཞེས་གསུངས་སོང་།དམིགས་བསལ་སྐུ་མགྲོན་དཔལ་རྒྱལ་བ་ཇོ་ནང་བའི་རྒྱལ་ཚབ་ཆོས་ཀྱི་སྣང་བ་མཆོག་གིས་གསུངས་བཤད་ནང་དོན། ང་རང་ཚོ་བོད་མི་རྣམས་རང་ཉིད་ཀྱི་ཕ་ས་དྲི་མ་མེད་པ་འདི་བཞགས་ནས་གཞན་ཡུལ་དུ་གྱར་དགོས་བྱུང་ཡང་། ང་རང་ཚོ་ཆོལ་གསུམ་དབྱེར་མེད་ཤ་རུས་གདུང་རྒྱུད་གཅིག་པ་ཡིན་པའི་ཆ་ནས་གཅིག་སྒྲིལ་གྱི་ཐོག་ནས་ནུས་པ་འདོན་གལ་ཆེ་བ་དང་། ང་ཚོའི་མི་རིགས་འདི་གཉན་འཕྲང་ཅན་གྱི་དུས་ཚིགས་ཤིག་ལ་སླེབས་ཡོད་ཀྱང་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པའི་སྐྱབས་དང་མགོན་༸གོང་ས་མཆོག་ཡོད་པ་འདི་ནི་བོད་མི་ཡོངས་ཀྱི་བསོད་ནམས་རེད། ༸རྒྱལ་བ་དོན་གྱི་བདག་པོས་ལམ་སྟོན་གྱི་བཀའ་སློབ་དུ་མ་ཕེབས་ཡོད་པ་བཞིན་དེ་དག་ཚང་མས་སྙིང་བཅང་གིས་ཕྱག་བསྟར་གནང་དགོས་ཞེས་དང་། ཇོ་ནང་རྒྱལ་ཚབ་རིན་པོ་མཆོག་གིས་༸གོང་ས་མཆོག་གི་མཛད་རྣམ་དྲུག་སྐྱོང་མའི་ཕྱག་དེབ་དབུ་འབྱེད་གནང་སོང་།གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས་སྦེལ་ཇམ་མདོ་སྨད་ས་གནས་རྒྱུན་ལས་སྐབས་གསུམ་པའི་རྒྱུན་ལས་རྣམས་ཀྱིས་དམ་འབུལ་གནང་། གཞན་ཡང་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་གསུམ་གྱི་རིང་ལ་གཞས་སྣ་སློབ་འཁྲིད་གནང་མཁན་དགེ་རྒན་རྣམ་པ་དང་། མདོ་འཛིན་པ། ཐབ་ཚང་ནང་ཕྱག་རོགས་གནང་མཁན་ཚང་མར་ཐུགས་རྗེ་ལེགས་འབུལ་གནང་།མཐར་ཚོགས་གཞོན་བཟོད་པ་མེ་དབལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་སྟེ་མཛད་སྒོ་དངོས་གཞི་རྒྱལ་ཁའི་ངང་གྲོལ། མཇུག་ཏུ་འཁྲུངས་ལྷ་དབྱར་གསོལ་སྐབས་ལྔ་པའི་གཞས་སྣ་འཁྲབ་སྟོན་གྱི་ལས་རིམ་དབུ་འཛུགས་གནང་སོང་། ཐེངས་འདིའི་མཛད་སྒོར་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ལྷན་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལྷན་བཅར་ཞུས་ཡོད་པ་བཅས། །