༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་བློ་བཟང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༠ ཉིན་སྦིར་བོད་ཚོགས་སྐབས་ ༡༡ པའི་ས་གནས་འཐུས་ཚོགས་ཀྱི་འདེམས་ཐོན་ཚོགས་མི་ ༡༥ ནས་ཚོགས་མི་ ༡༣ དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་རྒྱལ་པོ་དོན་གྲུབ་ལགས་དང་། ཚོགས་གཞོན་དུ་ཚེ་དབང་རབ་རྒྱལ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་། ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའམ་བྱང་ཕྱོགས་ས་གནས་ཁྲིམས་དྲུང་ནས་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་སྦིར་བོད་ཚོགས་དང་སྦིར་སྡེ་དགེའི་ས་གནས་འགོ་འཛིན་དང་། གནད་ཡོད་མི་སྣ་གཙོས་པའི་ས་གནས་མང་ཚོགས་བཅས་མི་གྲངས་ ༣༨ དང་། ཉིན་རྒྱབ་ཚོུད་ ༢ ཐོག་ཅོན་ཏ་ར་ནང་ཆེན་ཚོགས་ཁང་དུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་ས་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་མང་ཚོགས་བཅས་མི་གྲངས་ ༢༤ བཅས་མཉམ་ཞུགས་གནང་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་གཞི་ཞིག་སྤེལ་ཐུབ་པ་བྱུང་འདུགཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། བོད་མིའི་ཁྲིམས་ཞིབ་ཁང་རིམ་པ་གསུམ་གྱི་ངོ་སྤྲོད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་ཆེད་ཞུ་སྙན་འབུལ་སྟངས་དང་ཁ་མཆུའི་བྱ་རིམ་ཁག་བཅས་ཀྱི་གོ་རྟོགས་དང་། སྐབས་མཚམས་སོ་སོར་དོགས་འདྲི་བྱུང་བར་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །