༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་ཀུན་ཁྱབ་འགན་ཁུར་ཐེབས་རྩས་མཐུན་འགྱུར་འོག་རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་ ༢༤ ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་རྗེས་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྙིང་པོར། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མའི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་ནས་གཉེན་འབྲེལ་ཧ་ཅང་ཡག་པོ་ཡོད་ནའང་། སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ཡི་གེ་རྒྱ་ཡིག་ལ་དཔེར་བལྟས་ནས་མ་བཟོས་པར། རྒྱ་གར་གྱི་དེ་བ་ན་ག་རི་ (Devangari) ལ་དཔེར་བལྟས་ནས་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་གསར་བཟོ་མཛད་ཡོད་པ་དང་། དུས་རབས་བརྒྱད་པའི་ནང་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་འདྲེན་ཞུས་ཏེ་ཁོང་གི་ལམ་སྟོན་ལྟར། པཱ་ལི་དང་ལེགས་སྦྱར་སྐད་དུ་བཞུགས་པའི་མདོ་རྒྱུད་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མ་ཟད། བཙན་པོ་རང་ཉིད་ཀྱིས་གཙོ་སྐྱོང་གནང་སྟེ། ནཱ་ལེནྡྲའི་མཁན་ཆེན་ཞི་བ་འཚོའི་རྗེས་འབྲང་སློབ་དཔོན་ཀ་མ་ལ་ཤཱི་ལ་འཁོར་བཅས་དང་། རྒྱའི་མཁན་པོ་རྣམས་ཀྱིས་བགྲོ་གླེང་གནང་བ་དང་། མཐར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རིགས་པའི་ལམ་ནས་བརྟག་དཔྱད་གཏོང་བའི་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ལེགས་པར་མཐོང་ནས་རྒྱའི་མཁན་པོ་རྣམས་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་བཏང་ཡོད་པའི་སྐོར་སོགས་བཀའ་སྩལ་བ་དང་།དེ་བཞིན་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་སངས་རྒྱས་ཀྱི་ཆོས་ལ་བརྟག་ཅིང་དཔྱད་དེ་སློབ་གཉེར་ཇི་ལྟར་གནང་བའི་ཚུལ་དང་། བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཐུགས་བརྩོན་སློབ་གཉེར་རྒྱ་ཆེར་གནང་བ་ནི་འཛམ་གླིང་ཡུལ་ལུང་གཞན་དང་མ་འདྲ་བ་ཡོད་པ་མ་ཟད། ཆ་པ་ཆོས་ཀྱི་སེང་གེས་གསར་གཏོད་མཛད་པའི་རྟགས་གསལ་གཏོང་བའི་རིགས་ལམ་འདི་ནི་གཞན་དང་མ་འདྲ་བ་ཞིག་ཡིན་པ་དང་། སངས་རྒྱས་པའི་གཞུང་ལ་སློབ་གཉེར་གྱིས་ཕྱི་རྒོལ་བས་རྟགས་གསལ་བཏང་སྟེ། སྟོན་པ་ཤཱཀྱ་ཐུབ་པ་སོགས་སྔོན་བྱོན་སྐྱེས་བུ་དམ་པའི་གསུང་ལུང་འདྲེན་གནང་སྐབས་སྔ་རྒོལ་བས་གུས་ཞབས་མཚོན་ཕྱིར་ཞྭ་མོ་ཕུད་ཀྱི་ཡོད་ནའང་། རིགས་པ་དང་འགལ་ཚེ་ཞྭ་མོ་ཡར་གྱོན་ནས་ཁྱབ་པ་མ་བྱུང་ཞེས་ལན་རྒྱག་གི་ཡོད་པ་དང་། དེ་ནི་རིགས་པ་གཙོ་བོར་བྱེད་ཀྱི་ཡོད་པའི་རྟགས་མཚན་གཅིག་ཡིན། ང་ཚོ་བོད་ཀྱི་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་རིགས་ལམ་གཙོ་བོར་བྱེད་ཀྱི་ཡོད་པས་ཚན་རིག་པ་དང་འབྲེལ་བ་ཡོང་གི་ཡོད་པ་དང་། ཚན་རིག་པས་ནང་པའི་སེམས་ཁམས་རིག་པ་ལ་དོ་སྣང་ཤུགས་ཆེར་བྱས་ཏེ་བློ་བསྐྱེད་ལེན་བཞིན་ཡོད། ཅེས་བཀའ་སྩལ།གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་དགུང་ན་གཞོན་པའི་སྐབས་ནས་ཐོས་བསམ་སྒོམ་གསུམ་ལ་ཐུགས་བརྩོན་ཇི་ལྟར་གནང་བའི་རིམ་པ་ངོ་སྤྲོད་དང་འབྲེལ། ལྷ་སར་ལྷ་རམས་དམ་བཅའ་བཞག་པའི་སྔ་ཕྱིའི་གནས་ཚུལ་ངོ་སྤྲོད་དང་། མགོན་པོ་གང་ཉིད་མཆོག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་རྒྱུན་བསམ་བློ་གཏོང་གི་ཡོད་པ་མ་ཟད། ཐུགས་རྒྱུད་དུ་བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བ་འཁྲུངས་ཡོད་པར་བརྗོད་ཆོག་པའི་སྐོར་དང་། ནང་པའི་གཞུང་ལ་སློབ་གཉེར་སྐབས་དཔྱད་སྒོམ་དང་འཇོག་སྒོམ་རྒྱུད་ནས་གནང་དགོས་པ་དང་། དེ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་བ་སོགས་སློབ་ཕྲུག་ཁག་ཅིག་གིས་བཀའ་འདྲི་ཞུས་པར་བཀའ་ལན་ཡང་སྩལ་ཡོད། །
གསར་གནས།
འབྲེལ་གནས།