༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༤ ཉིན་ཨོསྟྲི་ཡའི་ག་ར་ཕེན་ཝོར་ཐ་ (Grafenworth) རུ་ཞི་བའི་མཆོད་རྟེན་དབུ་འབྱེད་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་རེད།དེ་ཡང་ཞི་བའི་མཆོད་རྟེན་དེ་ཉིད་བྷོབ་ཇོན་སུ་ནིམ་བསྟན་འཛིན་མཐར་ཕྱིན་ལགས་དང་ཨི་ལི་ས་བེཏ་ལིན་མ་ཡར་ (Elisabeth Lindmayer) ལགས་གཉིས་ཀྱི་འབད་རྩོལ་དང་ཨོསྟྲི་ཡའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཨལ་ཕེ་རཊ་རིཊ་མེ་ནི་ (Alfred Riedlmany) ལགས་སོགས་ཀྱི་རྒྱབ་སྐྱོར་འོག་བཞེངས་སྐྲུན་གནང་ཡོད་པ་དང་། བོད་ཟླ་བཞི་པ་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཉིན་༸སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་རབ་གནས་དབུ་འབྱེད་མཛད་ཡོད།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། ཨོསྟྲི་ཡའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཨལ་ཕེ་རཊ་རིཊ་མེ་ནི་ལགས། མངའ་སྡེའི་སྲིད་སྐྱོང་ཀྲྀས་ཊིན་ཧོཕ་མིས་ཊར་ (Christiane-Hofmeister) ལགས་ཀྱི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད།དབུ་འབྱེད་མཛད་སྒོའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཞིང་། གསུང་འཕྲིན་ནང་མགོན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་རིག་གཞུང་ནང་མཆོད་རྟེན་གྱིས་སངས་རྒྱས་ཀྱི་གོ་འཕང་མཚོན་གྱི་ཡོད་སྟབས་དགོས་དོན་ཧ་ཅང་ཆེན་པོ་ཡོད་པ་དང་། སྤྱིར་བཏང་ནས་མཆོད་རྟེན་རིགས་ནི་དད་ལྡན་ཉམས་ལེན་པ་རྣམ་པའི་བྱང་ཆུབ་སེམས་ཉམས་ལེན་ཐད་ཕན་གྲོགས་བྱེད་མཁན་ཞིག་ཡིན་སྟབས། དེ་རིགས་ནི་ཆོས་ཕྱོགས་ཀྱི་ཐོག་ནས་སེམས་འགུལ་སྐྱེ་གཞི་ཡིན། ཞེས་དང་།
དེ་བཞིན་མགོན་པོ་མཆོག་གིས་མཆོད་རྟེན་དེ་ཉིད་ཞི་བདེའི་མཚོན་དོན་དུ་ཕྱག་བཏབ་པ་ཡིན་གཤིས་དད་ལྡན་པ་ཡིན་ནོ་ཅོག་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐབས་སུ་ཞབས་འདེགས་སྒྲུབ་ཐབས་ཐད་འབད་རྩོལ་གནང་དགོས་པའི་རེ་སྐུལ་གནང་བའི་ཁར། ཞི་བདེ་ནི་སྨོན་ལམ་ཁོ་ནའི་བརྒྱུད་ནས་མ་ཡིན་པར་ལག་ལེན་ཐོག་ནས་ཡོང་གི་ཡོད་པའི་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་བཅས།།