༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཆེན་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ༧ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་ཆོས་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། དུས་ཚོད་འདི་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཚིགས་དང་། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། དེ་ཡང་མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། །ཆོས་ཉིད་བདེན་པ་བསྟན་ནས་གྲོལ་བར་མཛད། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉམ་ཐག་པའི་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་དགོངས་པ་མཐའ་གཅིག་ཏུ་བཞེས་ཤིང་། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དུ་མར་གོམས་པར་མཛད་ཡོད། འོན་ཀྱང་ཉམ་ཐག་པའི་སེམས་ཅན་གྱི་སྡུག་བསྔལ་སེལ་བ་ལ་སྡུག་བསྔལ་གྱི་རྒྱུ་སྟོན་པ་ཐུབ་པའི་དབང་པོས་ཆུས་འཁྲུད་ནས་དག་རྒྱུ་ཡོད་པ་མ་རེད། བཅོམ་ལྡན་འདས་ལ་མི་བཟོད་པ་ཡོང་བའི་སེམས་ཅན་གྱི་སྡུག་བསྔལ་དེ་ཕྱག་གིས་སེལ་ཐུབ་རྒྱུ་མེད། བཅོམ་ལྡན་འདས་རང་ཉིད་ཀྱི་ཐུགས་རྒྱུད་ལ་ཡོད་པའི་སྤང་རྟོགས་ཀྱི་ཡོན་ཏན་ང་ཚོར་བགོ་བྱ་བྱེད་པའམ། གསོལ་རས་གནང་རྒྱུ་མེད། འོ་ན་བཅོམ་ལྡན་འདས་ཀྱིས་བསྐལ་པ་དུ་མར་སེམས་ཅན་གྱི་དོན་ལ་མཐའ་གཅིག་ཏུ་དགོངས་པ་བཞེས་ཏེ་གྲངས་མེད་གསུམ་གྱི་ཚོགས་བསགས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། སེམས་ཅན་གྱི་སྡུག་བསྔལ་ཇི་ལྟར་སེལ་གྱི་རེད་ཅེ་ན། སྡུག་བསྔལ་གྱི་རྒྱུ་ཇི་འདྲ་ཞིག་ཡིན་པ་དང་། རྒྱུ་དེ་སེལ་ཐུབ་བམ་མི་ཐུབ་ལ་བརྟག་དཔྱད་བྱེད་སྟངས་གསུངས་ཤིང་། སྡུག་བསྔལ་ནི་རྒྱུ་མེད་པར་བྱུང་བ་མ་རེད། རང་རང་གི་རྒྱུ་དང་རྐྱེན་ལ་བལྟས་ནས་སྡུག་བསྔལ་ཡོང་གི་ཡོད། རྒྱུ་དེ་རྩད་གཅོད་བྱེད་སྐབས་སྡུག་བསྔལ་དེ་ཕྱི་ལོག་གི་འཇིག་རྟེན་བཀོད་པ་པོ་ལྟ་བུའི་བཀོད་པ་མིན་པར་སེམས་མ་བཏུལ་བའི་ཐོག་ནས་ཡོང་གི་ཡོད། སེམས་མ་བཏུལ་བ་ནི་ཕྱིན་ཅི་ལོག་གི་རྟོགས་པའི་གཞན་དབང་དུ་གྱུར་པའི་དབང་གིས་ལས་ངན་གསོག་གི་ཡོད། དེ་ནི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་རེད།ཤེས་རབ་སྙིང་པོའི་ནང་དུ་གསུངས་པ་ལྟར་ཆོས་ཐམས་ཅད་རྟེན་ནས་བཏགས་པ་རེད་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་རེད། འོན་ཀྱང་ང་ཚོར་སྣང་སྲིད་ཀྱི་ཆོས་བདེ་བ་དང་སྡུག་བསྔལ་རྣམས་སྣང་ཡོང་སྐབས་དོན་སྟེང་ནས་ཡོད་པ་ཞིག་སྣང་གི་ཡོད། དེ་ལ་ཇི་ལྟར་སྣང་བ་ལྟར་དུ་བདེན་པར་ཞེན་ནས་བདེ་བ་དང་སྡུག་བསྔལ་རང་དབང་གི་ཐོག་ནས་གྲུབ་ཡོད་པ་ཞིག་བློ་ལ་ཤར་གྱི་ཡོད། དེ་ནི་ཕྱིན་ཅི་ལོག་པའི་བློ་ཆགས་ཡོད། བདེ་བ་དང་སྡུག་བསྔལ་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་པ་ཐག་ཆོད་པ་རེད། སྡུག་བསྔལ་རྒྱུ་མེད་རྐྱེན་མེད་ཀྱི་ཐོག་ནས་བྱུང་བ་མིན་པ་མུ་སྟེགས་པའི་གྲོགས་པོ་ཚོས་ཀྱང་གསུང་གི་ཡོད། དེའི་རྒྱུ་རྐྱེན་རྩད་གཅོད་ཡོང་སྐབས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བྱས་པའང་མིན་པར་བདེ་སྡུག་ནི་བདེ་སྡུག་མྱོང་མཁན་སོ་སོ་རང་གིས་སྡུག་བསྔལ་དང་བདེ་བའི་རྒྱུ་ལ་ཕྱིན་ཅི་ལོག་ཏུ་སྤྱད་ནས་ཡོང་གི་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་གསུངས། སྡུག་བསྔལ་རགས་པ་རྣམས་ང་ཚོས་ཤེས་ཀྱི་ཡོད། སྡུག་བསྔལ་ཕྲ་རགས་མང་པོ་ཞིག་ཡོང་གི་ཡོད། སྡུག་བསྔལ་ཕྲ་བ་རྣམས་ང་ཚོས་ལམ་སེང་ཤེས་ཀྱི་ཡོད་པ་མ་རེད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་སྡུག་བསྔལ་གྱི་རྣམ་གཞག་ཤེས་དགོས། སྡུག་བསྔལ་གྱི་རིམ་པ་འདྲ་མིན་ཡོད་པ་རྣམས་ཤེས་པའི་ཐོག་ནས་དེའི་རྒྱུ་རྩད་གཅོད་བྱེད་སྐབས་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས་ཀྱི་ཐོག་ནས་ཡོང་གི་ཡོད། དེར་བརྟེན། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ་གསུངས།དེ་ནས་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་ལ་གཉེན་པོ་ཡོད་དམ་མེད། གཉེན་པོ་ཡོད་ཚེ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་ཐུབ་བམ་མི་ཐུབ། དེ་ལ་ཧ་ཅང་བསམ་བློ་གཏོང་དགོས། ཤེས་རབ་སྙིང་པོའི་ནང་དུ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་གསུངས་པ་ལྟར། ང་ཚོའི་བློ་འདིར་ཆོས་ཐམས་ཅད་དོན་སྟེང་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་དུ་དོན་སྟེང་ནས་ཡོད་པར་ཞེན་པའི་དབང་གིས་ཆགས་སྡང་གི་བློ་སྐྱེས་ཀྱི་ཡོད། དེར་བརྟེན་ཕྱིན་ཅི་ལོག་པའི་བློས་སྡུག་བསྔལ་ཡོང་བས་ཀུན་འབྱུང་སྤང་བར་བྱ་ཞེས་ལས་ཀྱི་ཀུན་འབྱུང་བཟློག་པ་ལ་ཉོན་མོངས་པའི་ཀུན་འབྱུང་བཟློག་དགོས་ཀྱི་ཡོད། ལས་ཀྱི་ཀུན་འབྱུང་ཡང་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་ལ་ཐུག་གི་འདུག སེམས་རྒྱུད་ཉོན་མོངས་ཀྱི་གཞན་དབང་དུ་ཡོད་པའི་ཉོན་མོངས་དེ་ངོ་ཤེས་པའི་ཐོག་ནས་ཇེ་ཉུང་དུ་གཏོང་ཐུབ་པ་ཞིག་དང་། སྡུག་བསྔལ་གྱི་རྒྱུ་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད་པའི་ནང་ནས་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་རེད། ཉོན་མོངས་པའི་ཀུན་འབྱུང་ལ་འགལ་ཟླ་ཡོད་དམ་མེད། གལ་སྲིད་འགལ་ཟླ་ཡོད་ཚེ་འགལ་ཟླ་ཤུགས་ཆེ་རུ་ཕྱིན་ཚེ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ་ནི་ཆོས་ཉིད་རེད། ཉོན་མོངས་པའི་ཆོས་རྣམས་བློ་ལ་སྣང་སྐབས་དོན་སྟེང་ནས་ཡོད་པ་ཞིག་སྣང་གི་ཡོད། དེ་ལ་ང་ཚོ་ཚང་མར་ཉམས་མྱོང་ཡོད། ཆགས་སྡང་སྐྱེ་སའི་ཡུལ་སྣང་སྐབས་མཛུབ་མོ་འཛུགས་ས་ཞིག་ང་ཚོའི་བློ་ལ་སླེབས་ཀྱི་ཡོད། དེ་ལ་རྟོག་པའི་བཏགས་ཙམ་ཞིག་བློ་ལ་གཏན་ནས་མི་འཆར་བར་དོན་སྟེང་ན་ཡོད་པ་ཞིག་བློ་ལ་འཆར་ཡོང་གི་ཡོད། དེ་ཕྱིན་ཅི་ལོག་པའི་བློ་རེད། ཕྱིན་ཅི་ལོག་པའི་བློ་ཞིག་ཡིན་ཕྱིན་ཆད་ལ་འཕྲལ་དུ་བློ་དེ་ཤུགས་ཆེན་པོ་ཅི་ཙམ་ཡོད་ཀྱང་། ཕྱིན་ཅི་ལོག་པའི་བློ་ཡིན་པས་བརྟག་དཔྱད་བཏང་ན་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད། དཔེར་ན། མི་ཞིག་ཆུང་ཆུང་སྐབས་སུ་ཧ་ཅང་ཁོང་ཁྲོ་ཚ་བོ་ཡོད་ནའང་། རིམ་བཞིན་ཁོང་ཁྲོའི་སྐྱོན་མཐོང་ནས་གཏིང་རིང་པོའི་ཁོང་ཁྲོའི་ཉེས་དམིགས་ལ་དོ་སྣང་ཡོང་གི་མེད་ཀྱང་། འཕྲལ་དུ་ཁོང་ཁྲོ་ཚ་བོ་བྱས་ཏེ་བསྡད་ཚེ་གྲོགས་པོ་ཚོས་རླུང་ཚ་བོ་ཞིག་འདུག་ཅེས་ཁྱད་གསོད་བྱེད་སྐབས་རླུང་འདི་ཡག་པོ་མི་འདུག་བསམ་པ་བློ་ལ་ཤར་ཐུབ་པ་ཞིག་ཡོང་གི་རེད།
དེ་ལྟར་མི་དགའ་བ་དང་ཁོང་ཁྲོ་ཟ་བའི་བློའི་ལྡོག་ཕྱོགས་བརྩེ་བ་བྱེད་དགོས་པ་རེད་ཅེས་ཁོང་ཁྲོའི་བློ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ་ཞིག་ཆགས་ཀྱི་རེད། དེ་ལ་ང་ཚོ་ཉམས་མྱོང་ཡོད་པ་རེད། ང་ཚོ་བོད་པ་ལ་རྒྱ་མི་གུང་བྲན་གྱིས་ཧ་ཅང་སྡུག་པོ་བཏང་ནས་ཁོང་ཁྲོ་ཟ་བཞིན་ཡོད་པ་དང་། སྲོག་བློས་གཏོང་གི་ཡོད། བསམ་བློ་ཡག་པོ་བཏང་བ་ཡིན་ན་རྒྱ་མི་གུང་བྲན་པ་ཚོའང་མི་རེད། དེ་དག་ཀྱང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ཉོན་མོངས་པའི་གཞན་དབང་དུ་ཕྱིན་ཡོད་པ་གཅིག་པ་རེད། དེར་བརྟེན་སྙིང་རྗེ་བསམ་པའི་བློ་ཡག་པོ་ཞིག་སྐྱེས་པ་ཡིན་ན་ཁོང་ཁྲོ་ཟ་བའི་བློ་ཤུགས་ཆུང་དུ་འགྲོ་བ་དངོས་ཡོད་གནས་ཚུལ་རེད།ཁོང་ཁྲོ་དང་། ང་རྒྱལ་ནི་ང་ཞེས་སོ་སོ་མཆོག་ཏུ་འཛིན་པ་ཞིག་དང་། དེ་ལ་ཞིབ་ཚགས་པོའི་ཐོག་སྒོ་དུ་མ་ནས་སྐྱོན་ལ་བསམ་བློ་བཏང་ན་ང་ཆེན་པོ་ཞིག་ཡིན་བསམ་པའི་གཞི་ཁོ་རང་མེད་པ་ཆགས་ཀྱི་ཡོད། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། ། གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་པ་འདི་ལ་དངོས་གནས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། སོ་སོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སློང་རེད། བསླབ་པ་འདི་འདྲ་ཁས་བླངས་པ་དང་། ཐོས་བསམ་སྒོམ་གསུམ་གྱི་འགྲོ་སྟངས་གང་ལ་གང་འཚམ་ཤེས་མཁན་ཞིག་གི་ཁ་སྟབས་འདི་ལྟ་བུ་ཆགས་དུས་སེམས་ནང་ངས་གཟབ་གཟབ་མ་བྱས་ན་འགྲིག་གི་མ་རེད་སྙམ་པ་བློ་ལ་སླེབས་ཡོང་གི་འདུག དེར་བརྟེན་གཞན་ལས་མཆོག་ཏུ་ལྟ་བ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་གི་ཡོད། དེ་ལྟར་ང་རྒྱལ་གྱི་གཉེན་པོ་བསྟེན་ཏེ་མར་བཅག་ནས་དམན་ས་ཟུང་། དམན་ས་གོང་མའི་གདན་ས་ཡིན་གསུངས་པ་ལྟར་རེད། དམན་ས་བཟུང་ན་མི་ཚང་མས་དགའ་པོ་བྱེད་ཀྱི་རེད། སོ་སོ་ཧ་ཅང་ཆེན་པོ་ཞིག་ཡིན་མདོག་མདོག་བྱེད་ཚེ། མི་ཚོས་མདུན་དུ་སྒུར་སྒུར་ལྟ་བུ་བྱས་ཀྱང་རྒྱབ་ནས་ཁྲེལ་བགད་རྒྱག་པ་ཡོང་གི་རེད། དེར་བརྟེན་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཉམ་ཆུང་བྱས་ན་མི་ཚང་མས་དགའ་པོ་བྱེད་ཀྱི་རེད།ངོས་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེའི་མིང་ཡོད་ཀྱང་། ངོས་རང་ཆེན་པོ་ཡིན་བསམ་པ་རྩ་བ་ཉིད་ནས་མེད། དངོས་གནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་ཏེ་དུས་རྟག་ཏུ་དམན་ས་བཟུང་ནས་སྡོད་ཀྱི་ཡོད། དེ་ནི་ཉོན་མོངས་ང་རྒྱལ་གྱི་ཤུགས་མར་གཅོག་པ་དང་། དེ་མར་བཅག་ཚེ་ཕྲག་དོག་ཡོང་བའང་ཤུགས་ཆུང་དུ་འགྲོ་གི་རེད། དེ་བཞིན་ཁོང་ཁྲོའང་ཉུང་དུ་འགྲོ་གི་རེད། དུས་རྟག་ཏུ་སེམས་ལ་བརྟག་དཔྱད་བྱས་ཏེ་དམན་ས་བཟུང་ན་ང་ཅིག་ཡིན་བསམ་པའི་ང་རྒྱལ་དང་སྤོབས་པའི་ཐོག་ནས་གཞན་སྡེ་ཁྱད་དུ་གསོད་པ་མི་ཡོང་བ་ཞིག་རེད།
ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་བཞིན་ཡོད། དེ་བཞིན་བདེན་བཞི་ཉམས་ལེན་བྱེད་ཀྱི་ཡོད། ང་རྒྱལ་སྐྱེས་ཏེ་ང་ཅིག་ཡིན་བསམ་པ་གཏན་ནས་མེད། དངོས་གནས་དམན་ས་བཟུང་ནས་བསྡད་ཡོད། དམན་ས་གོང་མའི་གདན་ས་ཡིན་གསུངས་པ་ལྟར་དམན་ས་བཟུང་ནས་བསྡད་ན་རང་ལ་ཁེ་ཕན་ཡོད་པ་རེད། སུ་གང་ལའང་དགྲ་བཟོ་མི་དགོས་པ་དང་། ཀུན་ལ་གུས་པ་དང་བརྩེ་བ་བྱ་རྒྱུ་བྱུང་ན་ཡག་པ་རེད། ཁྲི་མཐོ་བོ་ཞིག་གི་སྟེང་དུ་ཡོད་ནའང་སེམས་ལ་དམན་ས་བཟུང་ནས་ཕྱིན་ཚེ་ཧ་ཅང་ཡག་པོ་ཡོད། དེ་ལྟ་བུའི་ཐོག་ནས་དུས་རྟག་ཏུ་སོ་སོ་ཉམ་ཆུང་དང་། མི་ཚང་མར་གུས་པ་དང་བརྩེ་བ་བྱས་ཏེ། དེ་ལྟ་བུའི་མི་ཚེ་བསྐྱལ་ཐུབ་ན་ཧ་ཅང་ཡག་པོ་ཡོང་གི་རེད། སོ་སོར་མིང་སྐམ་པོ་ཞིག་དང་། སློབ་སྦྱོང་གང་འཚམ་ཡོད་པའི་ཐོག་ནས་ང་རྒྱལ་བྱས་ཏེ་ང་ཅིག་ཡིན་བསམ་ནས་བསྡད་ཚེ་སོ་སོར་གྱོང་རག་གི་རེད། དམན་ས་གོང་མའི་གདན་ས་ཡིན་གསུངས་པ་དངོས་གནས་རེད། རྟག་ཏུ་དམན་ས་ཟུང་།གྲུང་པོ་བྱེད་ས་ནི་རང་རྒྱུད་ཀྱི་ཉོན་མོངས་ལ་གྲུང་པོ་བྱེད་དགོས། ཉོན་མོངས་ཀྱི་གཞན་དབང་ལ་ནམ་ཡང་མི་གཏོང་བར་ཉོན་མོངས་ཀྱིས་མགོ་འབུར་འབུར་བྱེད་སྐབས་དེ་ལ་གཉེན་པོ་བསྟེན་དགོས། སེམས་རྒྱུད་མ་རུངས་པ་བྱེད་མཁན་གྱི་ཉོན་མོངས་ལ་མགོ་ལྕག་ཇི་ལྟར་གཞུ་དགོས་པ་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་མཁན་གྱི་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཧ་ལས་པ་ཡག་པོ་གསུང་གི་འདུག བོད་ལ་མཚོན་ནའང་ས་དགེ་བཀའ་རྙིང་རུས་སུ་མ་ཆད་པ་བོན་དང་བཅས་པའི་བླ་མ་གོང་མ་ཚོས་སེམས་རྒྱུད་འདུལ་དགོས་པ་རེད་ཅེས་ག་དུས་ཡིན་ནའང་གསུང་གི་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་སེམས་རྒྱུད་འདུལ་ཐབས་བྱེད་རྒྱུ་གཙོ་བོ་རེད།
བོད་ལ་ནང་ཆོས་མ་དར་སྔོན་ལ་བོན་གྱི་ཆོས་ལུགས་དར་ཡོད། དེ་ནས་རིམ་བཞིན་ནང་ཆོས་དར་བ་དང་། ས་སྐྱ་དང་བཀའ་རྒྱུད། རྙིང་མ། དགེ་ལུགས་སོགས་མང་པོ་བྱུང་པའི་ནང་དུ་ཇོ་བོ་བཀའ་གདམས་པ་ཞེས་སྤྲོས་པ་ཆེན་པོ་མི་བྱེད་པར་ཁ་ཁུ་སིམ་པོར་ཉམས་ལེན་ཡག་པོ་བྱེད་མཁན་དེ་ཚོ་ཡག་པོ་འདུག དམན་ས་གོང་མའི་གདན་ས་ཡིན་ཞེས་དམན་ས་བཟུང་ནས་འགྲོ་བ་ཞིག་རེད། སྐབས་སུ་བབ་པ་དགེ་བཤེས་གླང་རི་ཐང་པ་དངོས་གནས་དམན་ས་བཟུང་ནས་བཞུགས་མཁན་བསམ་གྱི་མི་ཁྱབ་པ་ཞིག་རེད། ང་ཚོས་བཀའ་གདམས་ཀྱི་བླ་མ་གོང་མ་ཚོར་མིག་དཔེ་ལྟོས་ནས་དམན་ས་འཛིན་རྒྱུ་གལ་ཆེན་པོ་རེད། མིང་སྐམ་པོ་ཞིག་དང་རྒྱུ་མཚན་ཕྲན་བུ་ཞིག་བགྲངས་ནས་ང་ཅིག་ཡིན་སྙམ་པའི་བསམ་བློ་བཏང་ན་དེས་ཕོང་པའི་ཉེན་ཁ་ཡོད། དེར་བརྟེན་རྟག་ཏུ་དམན་ས་ཟུང་། ང་རྒྱལ་མེད་པར་གུས་པ་བྱོས། གོང་དུ་ཞུས་པ་ལྟར། གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་གསུངས་པ་ལྟར་རེད།དེ་རིང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་ཡིན། ངོས་ཀྱིས་འདི་སྔོན་མ་ནས་འདོན་བཞིན་ཡོད། དགེ་བཤེས་གླང་རི་ཐང་པ་ནི་བྱང་ཆུབ་ཀྱི་སེམས་ལ་ཧ་ཅང་ཉམས་བཞེས་གནང་ནས་གཞན་གྱི་སྡུག་བསྔལ་དགོངས་པ་བཞེས་ཡོང་སྐབས་རྒྱུན་དུ་སྤྱན་ཆབ་བསིལ་སྡོད་མཁན་ཞིག་ཡིན་པས་དེའི་ཚེ་དེའི་དུས་ཁོང་གི་ངོ་ཤེས་དང་དགེ་ཕྲུག་ཚོས་གླང་ཐང་ངུ་གནག་པ་ཞེས་ཟེར་གྱི་ཡོད་པ་རེད། དངོས་གནས་བྱང་ཆུབ་ཀྱི་སེམས་ལ་ཉམས་བཞེས་གནང་མཁན་དང་། རྟག་ཏུ་དམན་ས་འཛིན་མཁན། སྟོང་ཉིད་ཀྱི་ལྟ་བ་སོགས་ཀྱི་ཐོག་ལ་དངོས་གནས་སྙིང་སྟོབས་ཡོད་པ་དང་། ཕལ་བའི་ཐོག་ནས་ང་ཅིག་ཡིན་བསམ་པ་ཁྱོན་ནས་མེད་པར་དམན་ས་འཛིན་མཁན་དེ་ལྟར་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ས་ག་ཟླ་བའི་དུས་ཆེན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས། །