༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་སོགས་ཁྱོན་བསྡོམས་རྒྱལ་ཁབ་ཁག་ ༤༤ ནས་ཕེབས་པའི་སློབ་གཉེར་བ་གྲངས་ ༤༨༤ གཙོས་པའི་ཁྱོན་མི་གྲངས་ ༥༠༠ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ལྡི་ལི་བོད་ཁང་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་སོགས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་བཀའ་དྲིན་སྩལ་ཡོད་པ་རེད།དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། ཆོས་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་འདིར་ང་ཚོ་འཁྱུག་ཙམ་རིང་ཐུག་རྒྱུ་བྱུང་བ་རེད། འདིར་གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་རྒྱ་གར་ལ་སླེབས་ནས་བཙན་བྱོལ་བ་བྱས་ཏེ་དུས་ཡུན་འདི་ཙམ་ཕྱིན་པ་རེད། རྒྱ་གར་ནང་གི་མི་མང་པོ་ཞིག་ང་ཚོས་ངོ་ཤེས་པ་དང་། བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ཆོས་དང་རིག་གཞུང་ཇི་འདྲ་ཞིག་ཡིན་པ་ལ་གཞི་ནས་གོ་རྟོགས་གསར་པ་སླེབས་པ་ཞིག་བྱུང་བ་རེད། རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་ཁོང་གིས་ཐུགས་སྨོན་གནང་བ་རེད་ལ། ང་ཚོ་རྗེས་འཇུག་གི་གདུལ་བྱ་ཚོ་ལའང་འདི་འདྲ་ཞིག་གི་བསམ་བློ་གཏོང་དགོས་པ་རེད་ཅེས་བསླབ་བྱ་སྐྱོན་པ་རེད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ་ཟེར་དུས་ནང་པ་མ་ཡིན་པའི་ཡུ་རོབ་གཙོ་བོར་གྱུར་པའི་ས་ཁུལ་རྣམས་དེ་སྔ་ནང་པའི་ཆོས་ལ་འབྲེལ་བ་མེད། རྒྱ་གར་གྱི་རིག་གཞུང་ལའང་དམིགས་བསལ་འབྲེལ་བ་མེད། ཡེ་ཤུའི་ཆོས་གཙོ་བོར་བྱས་ཏེ་ཕྱིན་ཡོད། ཨ་རབ་ལྟ་བུ་ཁ་ཆེའི་ཆོས་གཙོ་བོར་བྱས་ཏེ་ཕྱིན་པ་མ་གཏོགས་འདི་ལྟ་བུའི་ལྟ་གྲུབ་ཀྱི་ཐོག་ལ་དོ་སྣང་དང་བསམ་བློ་གཏོང་མཁན་མེད།བར་སྐབས་ཡུལ་གྲུ་འདི་དག་གི་ནང་དུའང་ཆོས་དད་རང་མོས་རེད། སོ་སོའི་ཆོས་བྱེད་ཀྱི་རེད་དེ་ཆོས་ཀྱི་འགྲོ་སྟངས་ཐོག་ལ་ཆོས་ཚན་འདྲ་མིན་ལ་སློབ་སྦྱོང་དང་། དོ་སྣང་བྱས་ཏེ་སོ་སོའི་ཉམས་ལེན་གྱི་ཐོག་ལ་ཡིན་ནའང་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་དང་། དེང་སང་ཨ་རབ་ནང་དུའང་ཉུང་ཤས་ཤིག་གིས་རྒྱ་གར་གྱི་ཆོས་ལུགས་ལ་དོ་སྣང་དམིགས་བསལ་བྱེད་ཀྱི་འདུག ཆོས་ལ་དོ་སྣང་སླེབས་པ་དང་། དོ་སྣང་དེ་ཆོས་ལུགས་ཀྱི་རོལ་མོ་དཀྲོལ་བ་དང་། འདོན་པ་འདོན་པ་ལྟ་བུ་དོ་སྣང་ཡོང་གི་ཡོད་ཀྱང་། གཙོ་བོ་ཆོས་ཀྱིས་བསམ་བློའི་ནང་འགྱུར་བ་ཇི་ལྟར་གཏོང་དགོས་པ་དང་། ཕན་ཐོགས་ཇི་ལྟར་ཡོང་དགོས་མིན་ལ་དོ་སྣང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད། དེ་སྔ་ཆོས་ལ་དོ་སྣང་མེད་མཁན་ཚོའི་ནང་ནས་བོད་གངས་ཅན་ལྗོངས་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དོ་སྣང་གསར་པ་ཞིག་སླེབ་ཡོང་དུས་ལྡི་ལི་བོད་ཁང་ལྟ་བུ་ཞིག་ཚུགས་ཐུབ་ན་སློབ་སྦྱོང་བྱེད་ས་དང་། བགྲོ་གླེང་བྱེད་ས་ཚད་ཐུབ་ཅིག་ཡོང་ཐུབ་པ་ཡིན་པས་ལྡི་ལི་བོད་ཁང་ཚུགས་པ་དེ་ལྟར་རེད།གནའ་སྔ་མོ་བོད་ལ་བོན་གྱི་ཆོས་མ་གཏོགས་ནང་ཆོས་སླེབས་མེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ལྷག་པར་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་གར་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། དེ་ཡང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་ཐུགས་སྣང་ཆེན་པོ་བྱུང་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སོ་སོ་རང་གི་སྐད་ཀྱི་ནང་དུ་འདི་དག་སླེབས་དགོས་པར་དགོངས་ནས་ལེགས་སྦྱར་སོགས་ལ་བརྟེན་མི་དགོས་པར་བོད་ཡིག་གསར་པ་བཟོས་པ་དང་། མཁན་ཆེན་ཞི་བ་འཚོ་སོགས་ཀྱི་སྐབས་སུ་སོ་སོ་རང་གི་སྐད་ཡིག་ཡོད་པས་རྒྱ་གར་གྱི་ལེགས་སྦྱར་དང་པཱ་ལིའི་གཞུང་དུ་ཡོད་པའི་གཞུང་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་རྒྱ་གར་གྱི་མཁས་པ་ཚོས་བརྩམས་པའི་གཞུང་བོད་ཡིག་ཏུ་བསྒྱུར་བ་ཕལ་ཆེར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་རེད། བཀའ་བསྟན་འགྱུར་རྣམས་ང་ཚོ་བོད་པ་རང་གི་མ་རེད། རྒྱ་གར་དུ་རིག་གཞུང་འདྲ་མིན་ཡོད་པ་ལ་དོ་སྣང་བྱས་ཏེ་བསྒྱུར་བ་ཞིག་རེད།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་བ་དང་། ཞོར་དུ་རྒྱ་གར་གྱི་མཁས་པའི་གཞུང་ལ་དོ་སྣང་དང་སློབ་སྦྱོང་ཡོད་པའི་རིགས་སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་སྡེ་ཚན་གཅིག་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་ལ་བརྟེན་ནས་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་པས་རྒྱའི་སྒོམ་ཆེན་པ་སློབ་གཉེར་བྱས་ཏེ་རྩོལ་བ་བྱེད་ཀྱི་མེད་པར་སྒོམ་བརྒྱབ་ནས་སྡོད་མཁན་གྱི་སྒོམ་ཆེན་པ་རྣམས་ཕྱོགས་གཅིག་ཏུ་བསྡད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དཀྱིལ་ལ་བཞུགས་ཏེ་བགྲོ་གླེང་གནང་བ་དང་། རྒྱ་གར་མཁས་པའི་རྗེས་འབྲངས་ཚོར་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཞིབ་ཚགས་པོའི་ཐོག་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་ཞིག་བྱུང་བ་དང་། རྒྱའི་མཁན་པོ་ཚོར་སྒོམ་བརྒྱབ་ནས་བཞུགས་རྒྱུ་ལས་སློབ་གཉེར་ཤུགས་ཆེན་པོ་བྱེད་པ་ལ་དོ་སྣང་བྱུང་མེད་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱའི་མཁན་པོ་ཚོར་ཐུགས་རྗེ་ཆེ། ཁྱེད་རང་ཚོ་སྒོམ་སྐྱོན་རྒྱུ་དེ་རྒྱ་ནག་རང་དུ་སྐྱོན་ན་ཡག་པོ་འདུག་ཅེས་གསུངས་པ་རེད།བར་སྐབས་ནས་བོད་དུ་སློབ་སྦྱོང་བྱེད་པའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་འབྲས་སྤུངས་དང་། སེ་ར། དགའ་ལྡན། བཀྲ་ཤིས་ལྷུན་པོ། དེ་བཞིན་དུ་དགོན་པ་མང་པོ་ཞིག་བཤད་གྲྭ་བྱས་ཏེ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་བྱེད་སྟངས་དེའང་ཆ་པ་ཆོས་སེང་གི་ལུགས་སྲོལ་ལྟར་རྟགས་གསལ་བཏང་ནས་ཐལ་ཕྱིར་ཞེས་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱེད་པ་དར་སྲོལ་ཆེན་པོ་བྱུང་འདུག དེས་གཞུང་དོན་གང་ཡིན་ཡང་སྒྲོ་འདོགས་དཔྱིས་ཕྱིན་པ་གཅོད་ཐུབ་པ་ཧ་ཅང་ཡག་པོ་བྱུང་འདུག དེང་སང་དངོས་ཡོད་གནས་ཚུལ་དུ་ནང་པའི་ལུང་པ་མང་པོ་ཡོད་པ་དང་། དེའི་ནང་ཚན་དུ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཡང་མང་པོ་ཡོད་ཀྱང་། རིགས་ལམ་གྱི་ཐོག་ནས་སྒྲོ་འདོགས་གཅོད་མཁན་ང་ཚོ་བོད་པ་དྲག་ཤོས་རེད།དེང་སང་ནུབ་ཕྱོགས་པའི་ཚན་རིག་པའི་ནང་དུ་སེམས་ཁམས་རིག་པ་ལ་དོ་སྣང་དམིགས་བསལ་བྱས་ཡོང་དུས་དེའི་འགྲེལ་བཤད་རྒྱག་མཁན་དང་། རྒྱུས་ཡོད་ནི་བོད་པ་སློབ་སྦྱོང་ཡོད་མཁན་ཚོ་དྲག་ཤོས་རེད། བོད་ལ་ཆབ་སྲིད་ཀྱི་ཐོག་ནས་འགྱུར་བ་ཆེན་པོ་བྱུང་བ་རེད། བོད་རང་གི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱིས་དམ་དྲག་བྱུང་བ་རེད། འོན་ཀྱང་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ནུས་པ་ལ་བརྟེན་ནས་ད་ལྟའི་བར་དུ་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འདི་བོད་དུ་སྲུང་སྐྱོབ་ཡིད་ཚིམས་པ་བྱུང་ཡོད་པ་རེད། ང་ཚོ་བོད་པར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱང་། སོ་སོའི་རིག་གཞུང་གལ་ཆེན་པོར་བརྩིས་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས། ཐོག་མར་ཐོས་པ་དང་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ། བསམ་པའི་དོན་ལ་ངེས་ཤེས་སྐྱེས་ཏེ་སེམས་ལ་ཚོར་བ་ཡོད་པ་དང་། སེམས་ལ་ཉམས་མྱོང་སྐྱེས་ཏེ་མུ་མཐུད་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སྒོམ་ཡོང་སྐབས་སེམས་ལ་འགྱུར་བ་འགྲོ་བ་ཤུགས་ཆེན་པོ་ཡོང་གི་འདུགནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་རིགས་ལམ་གྱི་འགྲོ་སྟངས་དང་། ཚད་མ་རིག་པའི་འགྲོ་སྟངས་ལ་འཛམ་གླིང་འདིར་དམིགས་བསལ་ཆོས་ལ་དོ་སྣང་མེད་ནའང་ཆོས་དང་མ་འབྲེལ་བའི་ཐོག་ནས་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག བོད་ཀྱི་གཞུང་རྣམས་རྒྱ་གར་ནས་ཡོང་བ་རེད། དེར་བརྟེན་བོད་ཀྱི་རིག་གཞུང་གང་ནས་འབྱུང་སའི་ཡུལ་དུ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་པས་དེ་དག་ཁུངས་བཙན་པོ་ཡག་པོ་བྱུང་ན་བསམ་ནས་སྔོན་ལ་ལྡི་ལིར་བོད་ཁང་བཙུགས་པ་དང་། དོ་སྣང་བྱེད་མཁན་ཚོར་ཚིག་གི་འགྲེལ་བཤད་ཙམ་མ་ཡིན་པར་བགྲོ་གླེང་བྱས་ཏེ་བསམ་བློ་གཏོང་བའི་ཐོག་ཕན་ཐོགས་བྱུང་ན་བསམ་ནས་ལྡི་ལི་བོད་ཁང་ལྟ་བུ་རྒྱ་གར་ས་ཆ་ཁག་ཁ་ཤས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རིགས་ལམ་ཐོག་ནས་བསམ་བློ་གཏོང་བ་དེ་ཆོས་སྤེལ་བའི་སྐད་ཆ་མིན་པར་རྣམ་དཔྱོད་རིག་པ་རྩལ་དུ་བཏོན་ནས་ཞིབ་འཇུག་བྱེད་པ་ལ་དོ་སྣང་ཡོད་མཁན་ཚོས་སློབ་སྦྱོང་བྱེད་པར་ཞབས་འདེགས་ཞུ་ཐུབ་ཀྱི་རེད་བསམ་པ་ངོས་ལ་སྤོབས་པ་ཡོད།ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་མཐུན་འབྲེལ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཤད་བཞིན་ཡོད་ལ་བསམ་བློའི་ནང་དུའང་ཡོད། ངོས་རང་ཕྱོགས་བསྐྱོད་སྐབས་སུ་ཧིན་དུའི་ལྷ་ཁང་དང་། ཁ་ཆེའི་ཕྱག་ཁང་། ཇོའུ་ལྷ་ཁང་སོགས་ལྷ་ཁང་འདྲ་མིན་དུ་ཕྱིན་ནས་རང་རང་གིས་དད་པ་བྱེད་པ་ལ་རྗེས་སུ་ཡི་རང་བྱས་ཏེ་འགྲོ་བཞིན་ཡོད། ཆོས་ལུགས་མཐུན་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་ཁྱིམ་མཚེས་ཨབ་གྷ་ནི་སི་ཐན་ནང་དུ་སྤྱིའི་ཆ་ནས་ཁ་ཆེའི་ཆོས་བརྒྱུད་གཅིག་མཚུངས་ཡིན་ཡང་། ནང་གསེས་ཀྱིས་ཤི་ཡ་ (Shias) དང་སུ་ནི་ (Sunnis) ཞེས་ཏོག་ཙམ་རྙོག་དྲ་ཡོང་གི་འདུག ཆོས་ལུགས་ཚང་མ་སེམས་བཟང་པོ་བྱེད་པའི་བསླབ་བྱ་གཅིག་མཚུངས་རེད། སེམས་བཟང་པོ་བྱེད་པའི་རྒྱུ་མཚན་ལ་རང་གི་ལྟ་གྲུབ་ཐོག་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་རེད། སྙིང་པོ་ནི་ཆོས་བྱེད་མཁན་གྱིས་སེམས་པ་བཟང་པོ་དགོས་པ་རེད་ཟེར་བ་གཅིག་གྱུར་རེད། རྒྱ་གར་དུ་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དང་། ཆོས་ལུགས་མཐུན་འབྲེལ་ཧ་ཅང་ཡག་པོ་རེད། དེ་ང་ཚོས་མིག་ལྟོས་བཟང་པོ་ཞིག་ལ་བལྟས་ནས་མུ་མཐུད་ཆོས་ལུགས་མཐུན་འབྲེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ནས་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ནཱལནྡྲའི་ཆོས་བརྒྱུད་འཛིན་མཁན་ཀླུ་སྒྲུབ་དང། ཐོགས་མེད། ཕྱོགས་ཀྱི་གླང་པོ་སོགས་ནཱ་ལེནྡྲ་ནས་ཕེབས་པ་རེད། སངས་རྒྱས་པའི་ཆོས་ལ་བསླབ་པ་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་པ་ཡོད་པའི་སྟེང་ཆོས་ལས་གསུངས་པའི་གཞི་དང་ལམ་དང་། འབྲས་བུའི་རྣམ་བཞག་རྣམས་ལ་རིགས་པས་དཔྱད་པ་བྱེད་རྒྱུ་དང་། མདོར་ན་རིགས་པས་དཔྱད་ཡོང་དུས་སངས་རྒྱས་རང་ཉིད་ཀྱི་བཀའ་ལ་ཡིན་ནའང་རིགས་པས་སྤྱི་མཚུངས་དཔྱད་པ་བྱེད་པའི་འགྲོ་སྟངས་ཤིག་ཆགས་འདུག ང་ཚོའི་བོད་ལ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྲོལ་དེ་དར་ཁྱབ་བྱུང་ཡོད། དེ་དཔེ་ཡག་པོ་རེད། ང་ཚོ་བོད་པ་ཚོས་བྱེད་སྟངས་འདྲ་ཆགས་པོ་ཞིག་རེད། དཔེར་ན། རྟགས་གསལ་གཏོང་བའི་སྐབས་སུ་ལུང་ཞིག་དྲངས་པ་ཡིན་ན། ལུང་དེ་རྒྱ་གར་མཁས་པའི་ལུང་ཡིན་ནའང་རེད། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རེད། གང་ལྟར་གུས་ཞབས་ཞུ་ཡུལ་ཡིན་སྟབས་ཞྭ་མོ་མར་ཕུད། ཞྭ་མོ་མདུན་ལ་བཞག མགོ་སྒུར་ནས་ལུང་ཉན་རྗེས་ཡར་ཙོག་ཙོག་བྱས་ཏེ། ཁྱབ་པ་མ་བྱུང་ཞེས་ལན་བཏབས། ལུང་དོན་འཇོག་གི་ཡོད། རྟགས་གསལ་གཏོང་སྐབས་རིགས་ལམ་གྱི་སྟེང་ནས་འགལ་འདུ་བསྒྲིགས་ཏེ་བཤད་ཡོང་སྐབས། ཕ་རོལ་པོའི་ཕྱོགས་ནས་མགོ་མཁྲེགས་པོ་བྱས་ཏེ་སྡོད་སྐབས། འུ་ཐུག་དུས་རྡོ་དང་དབྱུག་པས་དགག་གཞག་ཅེས་བཤད་སྲོལ་ཡོད།
ངོས་རང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་གནས་ཚུལ་མང་པོ་མཐོང་ཡོང་སྐབས། དངོས་གནས་དྲང་གནས་ང་ཚོའི་བོད་ཀྱི་སློབ་གཉེར་ནི་ཧ་ཅང་སྤུས་དག་པོ་རེད་འདུག ངོས་རང་ཆུང་ཆུང་སྐབས་སེ་འབྲས་དགེ་གསུམ་གྱི་གྲྭ་ཚང་བདུན་ནས་མཚན་ཞབས་བདུན་ཡོད། མཚན་ཞབས་ཁ་ཤས་རིག་གནས་ལ་མཁས་པ་དང། ཁ་ཤས་དངོས་གནས་མཁས་པ་ཆེན་པོ་དེ་འདྲ་ཡོད། དེའི་ནང་ངོས་ཀྱིས་རྟགས་གསལ་བཏང་སྟེ། མཚམས་མཚམས་ཧམ་པ་བཤད། མཚམས་མཚམས་དབང་ཡོད་བཤད། དཔེར་ན། ངོས་དང་ཧ་ཅང་འཆམ་པོ་ཡོད་པའི་བདེ་ཡངས་མཚན་ཞབས་ལ་རྟགས་གསལ་གཏོང་སྐབས། མཚམས་མཚམས་ཧམ་པ་བཤད་དེ་མགོ་སྐོར་བཏང་། གཞན་ཡང་དབང་ཡོད་ཏོག་ཙམ་བཤད་ཀྱི་ཡོད། དེ་དག་ཚང་མ་དྲན་པའི་ཡུལ་དང་མང་ཆེ་བ་འགག་ཚར་སོང་། ང་ཚོ་འདིར་ཡོད་པའི་མི་རབས་འདི་ཡང་རིམ་པར་རྫོགས་འགྲོ་གི་རེད། དུས་ད་ལྟ་བར་དུ་དངོས་གནས་རིག་གཞུང་དཔྱད་པ་ཅན་འདི་འདྲའི་ལམ་སྲོལ་ནུས་པ་དང་ལྡན་པ་ཞིག་ཡོད་པ་འདི་མུ་མཐུད་ནས་མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་རིང་ཁྱེད་རང་ཚོས་ལམ་གཙོའི་ལུང་ཞིག་བྱུང་ན་གསུངས་འདུག ལམ་གཙོ་ཧ་ཅང་གལ་ཆེན་པོ་རེད་དེ། ངོས་ཀྱིས་རྟེན་འབྲེལ་བསྟོད་པའི་ལུང་ཞིག་བཏོན་ན་བསམས་བྱུང་། ངོས་རང་ཞོགས་པ་ཡར་ལངས་ནས་སྔོན་ལ་སེམས་བསྐྱེད་སོགས་ཡག་པོ་ཞིག་བསྒོམས། དེ་ནས་འཆར་ཅན་རྟེན་འབྲེལ་བསྟོད་པ་འདོན་གྱི་ཡོད། རྟེན་འབྲེལ་བསྟོད་པ་མཛད་མཁན་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །ཞེས་གསུངས་པ་ལྟར་ངོས་ཀྱང་དེ་ག་རང་ཆགས་བསྡད་ཡོད། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་པ་ཞིག་བྱས་ཡོད་པ་རེད། དེ་ནས་རྣལ་འབྱོར་སྤྱོད་ལ་བརྩོན་པ་ཟེར་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་གང་ཐུབ་བསམ་བློ་གཏོང་བཞིན་ཡོད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་གང་ལ་གང་འཚམས་ཡོད་པ་རེད། དེ་འདྲའི་ཐོག་ནས་སྟོན་པ་ལ་དད་པ་མི་འདྲ་བ་ཞིག་བྱུང་ཚུལ་གསུངས་པ་རེད། རྟེན་འབྲེལ་བསྟོད་པ་མཛད་པ་པོ་རྗེ་རིན་པོ་ཆེས་རང་ཉིད་ལ་ཚོར་བ་དེ་ལྟར་བྱུང་གསུངས་པ་དེར་མཇལ་དུས་ངོས་ལའང་དེ་ལྟར་ཚོར་བ་གཅིག་པ་བྱུང་། བླ་མ་ཞིག་གི་གསུང་ནང་། རྟོག་གེ་མགོ་མཁྲེགས་ལ་སྐྱེ་ན། །སངས་རྒྱས་དངོས་ཀྱིས་ཀྱང་འདུལ་དཀའ། །ཞེས་གང་ལྟར་རིགས་པས་དཔྱད་པར་ཧ་ཅང་དོ་སྣང་བྱས་པས། བཅོམ་ལྡན་འདས་ཀྱི་བཀའ་ལའང་ཐེ་ཚོམ་དང་དོགས་པ་བཀོད། སངས་རྒྱས་དངོས་སུ་བྱོན་ཡང་དྲི་བ་བཀོད། ཐེ་ཚོམ་བྱེད་པ་ནི་རྟོག་གེ་མགོ་མཁྲེགས་ཞེས་པ་དེ་རེད། དཔེར་ན། ངོས་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་སློབ་སྦྱོང་བྱས་སྟབས། འགྲེལ་བཤད་གང་བྱུང་བྱུང་ཞིག་ལ་ལམ་སེང་རེད་ཅེས་ཞུ་རྒྱུ་ཧ་ཅང་ཁག་པོ་འདུག ག་རེ་ཡིན་ནམ་ཞེས་རྒྱུ་མཚན་རང་ལ་བསམ་བློ་བཏང་ནས་འགྲོ་རྒྱུ་དེ་གོམས་གཤིས་ཆགས་འདུག
ངོས་ལ་ཏཱ་ལའི་བླ་མའི་མིང་ཡོད་དུས། རྡོ་དང་དབྱུག་པས་དགག་གཞག་ནི་བྱེད་ཐུབ་ཀྱི་མེད་སྟབས། འགྲེལ་བཤད་བརྒྱབ་ནས་རིགས་ལམ་རང་གི་སྟེང་ནས་གྲུབ་མཐའ་དང་ལྟ་བར་ནང་འགལ་ཡོད་པ་རྣམས་བཙལ་ཏེ་ནང་འགལ་རྣམས་གསལ་པོ་བསྟན། རང་ལུགས་ཀྱི་ལྟ་གྲུབ་དེ་དག་རིགས་པའི་སྒྲུབ་བྱེད་གཅིག་ཐོག་གཉིས་བརྩེགས་བཀོད་དེ་བཤད་ཀྱི་ཡོད་པ་འདི་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་འདིའི་སྒང་གི་ཆོས་ལུགས་འགའ་ཤས་དད་པ་གཙོ་བོར་བྱས་ཏེ་འགྲོ་གི་ཡོད། དེས་ཕན་གྱི་འདུག་ལ་འགྲིགས་པ་རེད། རྗེས་སུ་ཡི་རང་ཡོད། བོད་གངས་ཅན་ལྗོངས་སུ་དར་བའི་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་རིགས་པས་དཔྱད་པ་བྱེད་རྒྱུ་གལ་ཆེན་པོ་བྱས་ཏེ་འགྲོ་གི་ཡོད་པས། དེ་གཉིས་ཀྱི་ཁྱད་པར་ཕྱེ་ནས་བཤད་ན་མ་གཏོགས། ཆོས་ལུགས་ཚང་མར་བཤད་ཐུབ་རྒྱུ་ཕལ་ཆེར་ཁག་པོ་རེད།
དེ་རིང་ཆོས་འབྲེལ་ལ་ལམ་གཙོའི་ཞལ་ལུང་ལས། ངོས་ཀྱི་བསམ་བློར་རྟེན་འབྲེལ་བསྟོད་པ་ཞིག་བཏོན་ན་བསམས་བྱུང་། ངོས་རང་ཞོགས་པ་ཡར་ལངས་མ་ཐག་སྔོན་ལ་ཐུབ་པའི་མཚན་སྔགས་བཏོན་རྗེས་རྟེན་འབྲེལ་བསྟོད་པ་འཆར་ཅན་འདོན་གྱི་ཡོད། དེས་ན་རྟེན་འབྲེལ་བསྟོད་པའི་ལུང་ཕུལ་བ་ལ། ངོས་ཀྱིས་རྟེན་འབྲེལ་བསྟོད་པའི་ཞལ་ལུང་རྒན་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཞུས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་སྩལ་བ་དང་། མཐར་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་ཡོད། །