༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེཊ་ཝར་རིན་ཀི་ཝིག་ (Edgars Rinkevics) མཆོག་ལཱཏ་ཝི་ཡཱའི་ (Latvia) སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད།
དེ་ཡང་མཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ངོས་རང་སྐུ་ཉིད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་ཐེངས་འགའ་བསྐྱོད་རྒྱུའི་གོ་སྐབས་བྱུང་། སྐབས་དེར་མི་མང་རྒན་གཞོན་བར་གསུམ་གྱིས་ངོས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་དང་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏང་རྒྱུ་དང་། ཆོས་ལུགས་མཐུན་འབྲེལ་ཆེད་འབད་རྩོལ་བྱེད་བཞིན་པར་དོ་སྣང་ཆེན་པོ་བྱེད་པ་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་།
སྤྱིར་ལཱཏ་ཝི་ཡཱ་དང་ཁྱིམ་མཚེས་རྒྱལ་ཁབ་ཨེསྚོ་ནི་ཡཱ། ལི་ཐུ་ནི་ཡཱའི་ལོ་རྒྱུས་ལ་བལྟས་ན། ས་ཁུལ་དེ་དག་གི་མི་མང་རྣམས་ནས་འཛམ་གླིང་ལ་འཚེ་བ་མེད་པ་དང་། རང་དབང་། མང་གཙོའི་རིན་ཐང་གསལ་སྟོན་གནང་ཐུབ། དེང་སྐབས་འཛམ་གླིང་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ནའང་སྐུ་ཉིད་ཀྱིས་ཡུན་རིང་མི་མང་གི་བདེ་སྡུག་སླད་གཟེངས་སུ་ཐོན་པའི་སྲི་ཞུ་བསྒྲུབས་ཡོད་སྟབས། ཉམས་མྱོང་དེས་མཛད་ཁུར་གསར་པ་བཞེས་སྐབས་ཕན་ཐོགས་ངེས་ཡིན། ཞེས་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་བདམས་ཐོན་སྲིད་འཛིན་ཨེཊ་ཝར་རིན་ཀི་ཝིག་མཆོག་གིས་ལཱཏ་ཝི་ཡཱའི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་ཆེད་ལས་དོན་མཐའ་དག་བཀྲ་ཤིས་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་བཅས།།