༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༥ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྩིས་པ་རྣམས་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ཐུ་མི་ཚོགས་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་དང་། ཟབ་ཁྲིད་པ་ཟུང་དྲུང་དཀོན་མཆོག་དབང་འདུས་ལགས། ཟབ་ཁྲིད་པ་དྲུང་གཞོན་སྐལ་བཟང་སྲི་གཅོད་ལགས། ཟབ་ཁྲིད་པ་དྲུང་ལས་བསྟན་འཛིན་ནམ་མཁའ་ལགས། ས་གནས་འགོ་འཛིན་ལས་ཁུངས་ཁག་གི་རྩིས་པ་བཅས་ལྷན་འཛོམས་ཐོག་ཟབ་སྦྱོང་དབུ་འཛུགས་གནང་ཞིང་། སྐབས་དེར་ལས་བྱེད་འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་དང་གལ་གནད་སྐོར་ངོ་སྤྲོད་གནང་སྐབས་ཐེངས་འདིའི་རྩིས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁྱོན་རྩིས་པ་གྲངས་ ༤༡ ཡོད་པ་དང་། དེའི་ནང་ནང་རྩིས་པ་གསར་པ་རྣམས་ལ་བདུན་ཕྲག་གཅིག་རིང་གཞི་རྩའི་རྩིས་རིག་དང་འབྲེལ་བའི་ཟབ་སྦྱོང་གནང་རྒྱུ་དང་། དེ་རྗེས་ས་གནས་རྩིས་པ་རྙིང་པ་རྣམ་པ་མཉམ་ཞུགས་གནང་རྒྱུ་ཡིན་སྐོར་གསལ་བཤད་དང་སྦྲགས། ད་ཐེངས་རྩིས་ཀྱི་ཟབ་སྦྱོང་ནང་རྩིས་པ་གཅིག་ཙམ་མ་གཏོགས་ཕལ་ཆེ་བ་ཀར་ཀོར་མེད་པར་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བའི་ཐོག རྩིས་པ་ནི་ནང་གི་ཨ་མ་ལྟ་བུ་ཡིན་པ་མ་ཟད། ལས་འཆར་ལས་དོན་ཆེ་ཕྲ་ཚང་མར་འབྲེལ་བ་ཡོད་སྟབས་གལ་ཆེན་པོ་ཡིན་པས་ཟབ་སྦྱོང་འདི་གལ་ཆེ་དོན་ཆེར་རྩིས་ཏེ་དོ་སྣང་དང་། དོགས་འདྲི་ཇི་ཡོད་ཟབ་ཁྲིད་པ་རྣམས་ལ་བཀའ་འདྲི་ཞུ་དགོས་པའི་ལམ་སྟོན་གནང་།
དེ་བཞིན་ཁོང་མོས་ཚོགས་བཅར་བ་རྣམས་ས་ཐག་རིང་ཐུང་སྣ་ཚོགས་ནས་དཀའ་ངལ་ལ་འཛེམས་མེད་ཀྱིས་ཕེབས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་འགྲོ་གྲོན་བཏང་སྟེ་ཟབ་སྦྱོང་གོ་སྒྲིག་གནང་ཡོད་སྟབས། ཚང་མས་ཉིན་བཅུའི་རིང་ཟབ་ཁྲིད་གང་གནང་བ་ཚང་མ་ཁོང་དུ་འཚུད་ཐབས་གནང་གལ་ཆེ་བ་དང་། ལྷག་པར་ཟབ་སྦྱོང་སྐབས་འཚེར་སྣང་མེད་པའི་ཐོག་ནས་གང་ཐུབ་ཆ་ཤས་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་།
དེ་མཚུངས་ཁོང་མོས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་ཏེ་རྩིས་པ་རྣམ་པའི་ནང་རྩིས་ཀྱི་རྒྱབ་ལྗོངས་ཡོད་མིན་ཇི་ལྟར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཀྱི་འགྲོ་སྟངས་སྐོར་ཤེས་རྟོགས་དགོས་གལ་ཆེ་བར་བརྟེན་འདེམས་ལྷན་ནས་རྩིས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་སྐོར་གསལ་བཤད་གནང་བ་དང་ཆབས་ཅིག་མི་རབས་གསར་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཐོག་བོད་སྤྱི་པའི་འགན་ཁུར་ཕྲག་བླངས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་རྒྱུན་གནས་ཐད་ཞབས་འདེགས་ཞུ་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་བཅས།།