༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡ ནས་ཟླ་བ་ ༧ ཚེས་ ༡ བར་ཟླ་གསུམ་རིང་ཧན་གྷི་རི་རྒྱལ་ཡོངས་བྷོཌ་པེ་ས་གཏམ་བརྗོད་ཁང་ནང་འཛམ་གླིང་ནང་གི་ལྷ་མོའི་དུས་སྟོན་ཆེ་ཤོས་ཤིག་བསྐོང་ཚོགས་ཞུས་པའི་ནང་བོད་ཀྱི་ཟློས་གར་ཚོགས་པ་གདན་ཞུ་གནང་ཡོད་པ་དང་། ཐེངས་འདིའི་ལྷ་མོའི་དུས་སྟོན་ནང་འཛམ་གླིང་རྒྱལ་ཁབ་ཁག་ལྔ་བཅུ་ང་བརྒྱད་ནས་ལྷ་མོའི་མཐུན་ཚོགས་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུགཕྱི་ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་དབུ་འཛུགས་མ་ཞུས་གོང་ཚོགས་ཁང་ནང་སྒྱུ་རྩལ་བ་དང་། ཉམས་ཞིབ་པ། ལྷ་མོའི་སློབ་སྟོན་པ། རྒྱལ་ཁབ་ཁག་གི་འཁྲབ་སྟོན་པ་སོགས་མི་གྲངས་ཉི་བརྒྱ་ལྷག་ཙམ་འདུ་འཛོམས་སར་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་འཕེལ་རིམ་དང་བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་གནང་བ་དང་འབྲེལ་མང་ཚོགས་གཟིགས་མོ་བ་ལྷན་སྐར་མ་བཞི་ཅུའི་རིང་དོགས་འདྲི་དང་དྲི་ལན་གྱི་ལས་རིམ་བསྐྱངས། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ཆུ་ཚོད་བཞིའི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་གཞུང་སྣང་ས་འོད་འབུམ་གཟིགས་འབུལ་ཞུས་རྗེས་རྒྱ་ཆེའི་མང་ཚོགས་ནས་དགའ་ཚོར་ཆེན་པོས་ཐལ་མོ་བརྡབས་ཏེ་བསྔགས་བརྗོད་གནང་།རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་གཏམ་བཤད་ནང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་དེ་ནི་དུས་རབས་བཅུ་བཞིའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་དང་། བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ཧམ་ཤེད་ཆེན་པོས་བོད་ཀྱི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་དེ་རྒྱ་ནག་གིས་ཡིན་རབས་བཤད་ནས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་དེབ་སྐྱེལ་བྱས་ཡོད། དེའི་དམིགས་ཡུལ་ནི་བོད་ཀྱི་ཨ་ལྕེ་ལྷ་མོའི་བདག་དབང་ཧམ་འཕྲོག་དང་བོད་ཀྱི་ལྷ་མོའི་ཟློས་གར་ནང་རྒྱ་ནག་པེ་ཅིང་གི་ཇིང་འཇུའམ་ཁྲན་ཞི་མཉམ་བསྲེས་བྱས་ཏེ་རིག་གཞུང་གི་འགོ་ཁུངས་བཤུལ་མེད་དུ་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད། འོན་ཀྱང་རང་ཅག་བོད་ཀྱི་ཟློས་གར་ཚོགས་པའི་བོད་ཀྱི་ཨ་ལྕེ་ལྷ་མོའི་ཟློས་གར་སྔར་ཡོད་རྒྱུན་འཛིན་བྱས་ཏེ་ཆུ་འགོ་གངས་ཐུག་གིས་ལས་ལ་གཞོལ་བཞིན་ཡོད་ཅེས་ངོ་སྤྲོད་གནང་སོང་། དེ་རྗེས་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐེངས་བཅུ་པའི་སྤྱི་ཁྱབ་འགན་འཛིན་ཨ་ཀྲི་ལར་ཝིན་སི་ཀི་ (Attila Vidnyánszky) ལགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་ཐུབ་པར་དགའ་བསུའི་འཚམས་འདྲི་དང་བསྔགས་བརྗོད་གནང་སོང་། ཐེངས་འདིའི་རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཆེ་གྲས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་འདུགརྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ་འཁྲབ་སྟོན་ཞུས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས། མི་རིགས་ཀྱི་ཁྱད་ཆོས་སོགས་འབུར་དུ་ཐོན་པ་བྱས་ཞིང་། རྒྱལ་ཁབ་གཞན་གྱི་སྒྱུ་རྩལ་པ་དང་དཔུང་པ་མཉམ་གཤིབ་ཀྱིས་མི་རིགས་ཀྱི་ངོ་བ་མཚོན་པ་བྱས་འདུག འདི་ནི་ཧ་ཅང་གི་གཟི་བརྗིད་དང་ཐོབ་དཀའ་བའི་གོ་སྐལ་འོག་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་རྒྱལ་སྤྱིའི་གཟིགས་མོ་བ་རྣམས་ལ་གཟིགས་འབུལ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་བཞིན་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ཚིག་སྒྲོགས། །
གསར་གནས།
འབྲེལ་གནས།