༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༦ དང་ ༢༧ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཁང་ (International Service for Human Rights) གི་རྒྱ་ནག་དང་ལྷོ་ཨ་རིའི་ལས་འཆར་འགན་འཛིན་ར་ཕེལ་ཝི་ཧ་ན་ཊེ་ཝིཊ་ (Raphael Viana David) ལགས་ཀྱི་སྣེ་ཁྲིད་པའི་ཡུ་གུར་དང་ཧོང་ཀོང་བའི་སྐུ་ཚབ་ཚོགས་ཆུང་ཞིག་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་དུ་ཆེད་ཕེབས་གནང་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ལྷོ་ཨ་རི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་གོ་རྟོགས་སྤེལ་སླད་སྐུ་ཚབ་ཚོགས་ཆུང་ལ་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་ངོ་སྤྲོད་གནང་ཞིང་། སྐུ་ཚབ་ཚོགས་ཆུང་དོན་ཁང་དུ་ཕེབས་སྐབས་བོད་དོན་རྒྱབ་སྐྱོར་བ་དང་གནྡྷི་ལྟ་གྲུབ་མཁས་པ་གཙུག་ལག་སློབ་དཔོན་ལི་ཧ་དི་སི་ཀིན་ (Lia Diskin) ལགས་དང་། པ་ལ་སི་ཨ་ཐི་ནའི་ (Palas Athena) ཤེས་ཡོན་ངེས་སྟོན་པ་ཏོ་ནི་ཡ་ཝན་ཨ་ཀེར་ (Tonia Van Acker) ལགས་དང་ལྷན་དུ་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་སླད་གྲོས་བསྡུར་གནང་ཡོད་པ་རེད།
གཞན་ཡང་སྐུ་ཚབ་ཚོགས་ཆུང་ནས་སའུ་པའུ་ལོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྲུང་ཆེ་སོ་ནིན་ཧ་ཕ་རན་སེན་ (Soninha Francine) ལགས་དང་མཇལ་མོལ་གནང་སྟེ་ཁོང་གིས་གཞུང་འབྲེལ་ཐོག་བོད་དང་། ཡུ་གུར། ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་འབྲེལ་མོལ་བྱ་རྒྱུའི་ཐུགས་འདོད་ཡོད་སྐོར་གསུངས་ཡོད་པ་བཅས།།