༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ འཚོག་བཞིན་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༢ ཉིན་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་མདུན་དུ་བོད་ནང་གི་བུད་མེད་ཀྱི་གནས་སྟངས་དང་དཀའ་ངལ་སྐོར་གླེང་སློང་གནང་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས་ངག་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་ནང་རྒྱ་ནག་གཞུང་གིས་དབྱེ་འབྱེད་རང་བཞིན་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་ནང་གི་བུད་མེད་རྣམས་ཀྱི་དཀའ་སྡུག་གསལ་སྟོན་དང་འབྲེལ། བོད་ཀྱི་རང་དབང་འཐབ་རྩོད་ནང་བོད་ཀྱི་བུད་མེད་དང་བཙུན་མ་རྣམས་ནས་མདུན་ཐོན་གྱིས་ལས་འགུལ་སྣེ་ཁྲིད་ཡོད་ཅིང་། ནང་བསྟན་བསྟི་གནས་ཡ་ཆེན་སྒར་དང་བླ་རུང་སྒར་གཉིས་གཏོར་བཤིག་བཏང་རྗེས་དགོན་པའི་གྲྭ་བཙུན་རྣམས་ཀྱི་གནས་སྟངས་དང་ད་ལྟ་གང་དུ་ཡོད་མེད་སོགས་ཆ་རྒྱུས་མེད་པར་གྱུར་ཡོད་པ་མ་ཟད། བོད་མི་རང་དབང་འཐབ་རྩོད་པ་ཡེ་ཤེས་ཆོས་སྒྲོན་ལགས་དང་། མགོན་པོ་སྐྱིད་ལགས། རིན་ཆེན་སྐྱིད་ལགས་སོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དགོངས་དོན་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་འབོད་གནང་བར་རྒྱ་གཞུང་ནས་དྲག་གནོན་བཏང་ཡོད་ཅེས་སོགས་གསུངས།
དེ་བཞིན་ཟླ་བ་སྔོན་མའི་ནང་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་ཐུན་གྱ་ལྔ་པའི་ནང་ཚོགས་ཆུང་གིས་རྒྱ་ནག་གི་དུས་མཚམས་དགུ་པའི་སྙན་ཐོར་ཞིབ་འཇུག་གནང་འབྲས་སུ་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་བསྟན་པའི་ནང་དོན་དང་འབྲེལ་ཏེ། སྐལ་ལྡན་མཚོ་མོ་ལགས་ཀྱིས་བོད་ནང་གི་བུད་མེད་རྣམས་ལ་སྤྱི་མཚུངས་དྲང་བདེན་རྩོད་ས་མེད་པ་དང་། སློབ་གྲྭ་ཕྱིར་བསྡུ། མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་གསར་འཛུགས། བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས། ཕྱིར་སྐྱོད་ལག་ཁྱེར་བཙན་འཕྲོག ངལ་རྩོལ་བསྒྱུར་བཀོད། བཙན་པོའི་གཉེན་སྒྲིག་སོགས་བརྒྱུད་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་གནས་སྟངས་གསལ་བཤད་དང་། ཕྱོགས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་བུད་མེད་ཐེ་བའི་བུད་མེད་སྤྱི་ཡོངས་ལ་དབྱེ་འབྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ་དེར་བསྐྱར་ནན་གནང་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གསུངས།
སྤྱིར་ཕྱི་ཚེས་ ༢༠ ཉིན་སུད་སི་དོན་ཁང་དང་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ཟུང་སྦྲེལ་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ འཚོག་བཞིན་པ་དང་སྟབས་བསྟུན་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པའི་གནས་སྟངས་དང་འབྲེལ་བའི་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་བཅས།།