༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་འགན་འཛིན་སྡེ་ཚན་ཁོངས་ནས་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུ་བའི་ངོ་སྤྲོད།
མཚན། ཀརྨ་བཟོད་པ་འཕྲིན་ལས།
གནས་རིམ། དྲུང་གཞོན།
ད་ལྟའི་ལས་འགན། བལ་ཡུལ་རྒྱལ་ས་དང་འཕགས་ཤིང་ས་གནས་འགོ་འཛིན།
༡། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༣ ནས་དྲུང་ལས་གནས་རིམ་ཐོག་གསར་བསྐོ་དང་། ཟླ་ ༡༠ ཚེས་ ༢༣ ནས་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཚོད་ལྟའི་དྲུང་ལས་ཀྱི་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༤ ནས་ལས་བྱེད་ངོ་མར་བསྐོ་གཞག་གནང་།
༢། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༣ ནས་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་དུ་ལས་འགན་བཀོད་སྒྲིག་གནང་།
༣། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༤ ནས་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་དུ་ལས་འགན་བཀོད་སྒྲིག་གནང་།
༤། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༨ བར་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་དང་། རྒྱལ་ས་དང་འཕགས་ཤིང་ས་གནས་འགོ་འཛིན་གཅིག་ལྕོགས་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༩ ནས་བལ་ཡུལ་རྒྱལ་ས་དང་འཕགས་ཤིང་ས་གནས་འགོ་འཛིན་གྱི་ལས་འགན་བཀོད་སྒྲིག་གནང་།
དམིགས་བསལ་ལས་དོན་ཇི་ཞུས།
༡། བལ་ཡུལ་བཀྲ་ཤིས་དཔལ་འཁྱིལ་གཞིས་སྒར་དུ་བལ་སྒོར་འབུམ་ ༦༠ ཙམ་གྱི་ཚོང་རའི་ཁང་པ་གསར་རྒྱག་གིས་ལོ་གཅིག་ལ་ཁང་གླ་འབུམ་ལྔ་མན་ཙམ་ཡོང་རྒྱུར་བརྟེན། བཟོ་གཞིས་ལས་ཁུངས་རང་ཁ་རང་གསོ་ཆགས་རྒྱུའི་གཞི་རྟེན་གདིང་ཐུབ་པ་བྱུང་།
༢། བལ་ཡུལ་བཀྲ་ཤིས་དཔལ་འཁྱིལ་གཞིས་སྒར་ཉེ་འདབས་ཀྱི་ལམ་ཆེན་ (Baglung Highway) རྒྱ་སྐྱེད་ཀྱི་ལས་གཞིའི་འོག་དུད་ཚང་བདུན་གྱི་སྡོད་ཁང་གཏོར་བཤིག་སྐབས་བལ་གཞུང་ནས་གུན་གསབ་ཐོབ་མེད་པར་རོགས་དངུལ་ཐབས་འཚོལ་གྱིས་དུད་ཚང་རྣམས་ཀྱི་ཁང་པའི་ཚད་གཞི་ལ་དཔག་པའི་གུན་གསབ་བལ་སྒོར་འབུམ་ ༡ ནས་ ༨ བར་བགོ་འགྲེམས་ཐུབ་པ་བྱུང་།༣། ཏོག་དབྱིབས་ནད་ཡམས་སྐབས་གློ་ཚེ་རོགས་རྣམ་རྒྱལ་གླིང་དང་། རྡོར་པ་ཊན་ནོར་འཛིན་གླིང་གཉིས་ཀྱི་མི་མང་ཚོང་ཆུང་རིགས་རྒྱག་མཁན་ཚོར་ངལ་སེལ་ཆེད་འཚོ་སྣོན་སྟོང་ཕྲག་ ༣ ནས་ ༥ བར་ཐེངས་འགའ་ཤས་བགོ་འགྲེམས་དང་ཟ་འབྲུ་ཐེངས་མང་བགོ་འགྲེམས་ཞུས་ཐུབ་ཡོད།
༤། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་ས་གནས་མཉམ་འབྲེལ་ཆེད་སྣུམ་འཁོར་ཞིག་ཐབས་འཚོལ་ཞུས།
༥། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་གི་གཞིས་སྒར་ཚོགས་ཁང་ལ་ཐོག་པང་གསར་རྒྱག་ཆེད་བལ་སྒོར་འབུམ་ ༤ མན་ཙམ་ཐབས་འཚོལ་ཞུས་ཐུབ་པ་བྱུང་།
༦། ས་གནས་མཉམ་འབྲེལ་གྱི་མགྲོན་ཁང་རྒྱ་སྐྱེད་ཆེད་རོགས་དངུལ་བལ་སྒོར་འབུམ་ ༡༥ ལྷག་ཐབས་འཚོལ་ཐུབ་པ་བྱུང་།
༧། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་གཞིས་ཆགས་སུ་ས་རུད་ཀྱི་གནོད་སྐྱོན་ཆེན་པོ་བྱུང་ཉེན་ཡོད་པར་བལ་སྒོར་འབུམ་ ༡༠ ལྷག་ཐབས་འཚོལ་གྱིས་གྱང་རྩིག་གསར་རྒྱག་ཐུབ་པ་བྱུང་།
༨། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་དང་རྡོར་པ་ཊན་ནོར་འཛིན་གླིང་གཉིས་སུ་ལྗང་ཁང་ (Greenhouse) དང་། ཤིང་ཏོག་ཀུ་ཤུ་སྐམ་ཁང་། (DryingHouse) དེ་བཞིན་ཀུ་ཤུ། སྟར་ཁ་སོགས་ཤིང་སྡོང་མང་པོ་འདེབས་འཛུགས་དང་། ཞིང་ཆུ་འདྲེན་རྒྱུའི་ཡུར་བ་ལ་སོགས་གསར་རྒྱག་གིས་ཐུགས་ཕན་གསོས་པ་བྱུང་ཡོད།
༩། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་དང་རྡོར་པ་ཊན་ནོར་འཛིན་གླིང་གཉིས་ཀྱི་དུད་ཚང་ཡོད་དོ་ཅོག་དང་། ལྷག་པར་ཀག་སྦེ་ནིར་གནས་སྡོད་བྱེད་མཁན་ཁ་ཐོར་ཕལ་ཆེ་བར་ལྕགས་ཐབ་བལ་སྒོར་སྟོང་ཕྲག་ ༡༦ ལྷག་ཙམ་བྱས་པ་མཐུན་འགྱུར་ཞུ་ཐུབ་པ་བྱུང་།
༡༠། བལ་ཡུལ་གློ་ཚེ་རོགས་རྣམ་རྒྱལ་གླིང་ས་གནས་ཀྱི་ཕྱོགས་བཞི་ལ་སྐམ་གློག་གསར་འཛུགས་ཐུབ་པ་བྱུང་།
༡༡། བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་ས་གནས་སུ་བལ་སྒོར་འབུམ་ ༡༠ མན་ཙམ་གྱི་ཚོགས་ཁང་དང་གསང་སྤྱོད་གསར་རྒྱག་ཞུས།
༡༢། བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་ས་གནས་སུ་གློག་མེད་པའི་ངལ་སེལ་ཆེད་དུད་ཚང་ ༢༠ ཙམ་གྱི་སྡོད་ཁང་ནང་ཉི་འོད་གློག་རེ་གསར་འཛུགས་ཞུས་ཐུབ་པ་བྱུང་།
༡༣། བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་གཞིས་སྒར་དུ་བལ་སྒོར་ས་ཡ་ ༡ ལྷག་གི་གཞུང་ལམ་ཉམས་གསོ་ཞུས་ཐུབ་པ་བྱུང་།
༡༤། བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་གཞིས་སྒར་དུ་བལ་སྒོར་འབུམ་ ༢ ཙམ་གྱི་འཐུང་ཆུའི་ཁྲོམ་པ་ཞིག་གསར་རྒྱག་ཞུས་ཐུབ་པ་བྱུང་།
མདོར་ན། དྲུང་གཞོན་ཀརྨ་བཟོད་པ་འཕྲིན་ལས་ལགས་ནས་ད་བར་འགན་འཛིན་སྡེ་ཚན་ནང་ཞབས་ལོ་ ༧ ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཁབ་ཁོངས་བལ་ཡུལ་ཁུལ་གྱི་ས་གནས་ལུང་ཁུག་དང་། སྤོག་ར་ཁུལ་དུ་ལྷག་བསམ་རྣམ་དག་ཐོག་ལས་དོན་ཞུས་ཡོད། དེ་བཞིན་བལ་ཡུལ་ནང་སྲི་ཞུ་བསྒྲུབ་སྐབས་ལས་དོན་གང་ཅིར་ཕྱི་གསལ་ནང་གསལ་དང་། དྲང་བདེན། རང་གི་ལས་འགན་ལ་དང་ལེན་གུས་བརྩི། བགྲེས་སོང་དང་ཉམ་ཆུང་རྣམས་ལ་དམིགས་བསལ་རོགས་སྐྱོར། ས་གནས་གང་དུ་གནས་སྤོས་བསྐྱོད་ནའང་དབྱེ་འབྱེད་མེད་པའི་ཐོག་ཡར་རྒྱས་གཏོང་ཐབས་ཆེད་འབད་བརྩོན་མུ་མཐུད་ཞུ་མཁན་ཞིག་ཡིན་ལ། བལ་ཡུལ་ཁུལ་གྱི་གཞིས་མིའི་དཀའ་ངལ་མང་དག་ལ་རྒྱུན་དུ་གདོང་ལེན་དང་དབུས་ནས་ལས་འགན་བཀོད་མངགས་ཇི་གནང་ལ་ཀ་ཀོར་མེད་པར་ཧུར་བརྩོན་ལྷག་བསམ་ལྡན་པའི་ཞབས་འདེགས་མིག་དཔེར་འོས་པ་བསྒྲུབས་ཡོད་སྟབས། འདི་ལོའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༢ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་པར་གནང་གཏན་འཁེལ་བ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་ལས་བྱའི་སྡེ་ཚན་ཁོངས་ནས་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་སྲི་ཞུ་བའི་ངོ་སྤྲོད།
མཚན། བསྟན་འཛིན་བློ་གྲོས།
གནས་རིམ། ལས་དོ།
ད་ལྟའི་ལས་འགན། ཏི་ཛུ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་།
༡། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༦ ནས་ལས་དྲུང་གནས་རིམ་དུ་གསར་བསྐོ་དང་། ཟླ་ ༤ ཚེས་ ༢༤ ནས་བཀའ་དྲུང་ཡིག་ཚང་གི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ནས་ལས་བྱེད་ངོ་མར་བསྐོ་གཞག་གནང་།
༢། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༩ བར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་དྲུང་གི་ལས་འགན་ཞུས།
༣། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ ནས་ཌོ་ལན་ཇི་བོན་གཞིས་ས་གནས་འགོ་འཛིན་ལས་ཁུངས་སུ་རྩིས་དྲུང་གི་ལས་འགན་ཞུས།
༤། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ལས་དོའི་གནས་རིམ་དུ་གནས་སྤར་དང་། ཟླ་ ༥ ཚེས་ ༡༤ ནས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ལས་དྲུང་གི་ལས་འགན་ཞུས།
༥། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ནས་ལོ་གཅིག་ལྷག་དྲུང་གཞོན་གནས་རིམ་ཐོག་ཏི་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་གྱི་ལས་ཚབ་ཞུས།
དམིགས་བསལ་ལས་དོན་ཇི་ཞུས།
༡། ཏི་ཛུ་དར་རྒྱས་གླིང་དུ་ས་གནས་འགོ་འཛིན་གྱི་ལས་ཚབ་ཞུ་སྐབས་གདོང་ལེན་ཞུ་དགོས་ཁག་ཞུས་ནས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཚན་མཐོང་སྲུང་སྐྱོབ་དང་མི་མང་སྤྱིའི་བདེ་དོན་ཁག་གང་ཐུབ་སྒྲུབ།
༢། ས་གནས་འགོ་འཛིན་གྱི་ལས་ཚབ་ཐོག་༸རྒྱལ་བའི་ཕོ་བྲང་གི་ཆེད་རོགས་དངུལ་ཧིན་སྒོར་འབུམ་ ༢༠ ཐབས་འཚོལ་གྱིས་ཉམས་གསོ་ལེགས་གྲུབ་བྱུང་།
༣། ས་གནས་འཕྲོད་བསྡེན་སྨན་ཁང་དུ་ཛ་དྲག་དཀའ་སེལ་སླད་ནད་པ་འདྲེན་འཁོར་ཞིག་གསར་ཉོ་ཐུབ་པ་བྱུང་།
༤། བགྲེས་སོང་ཁེར་རྐྱང་གནས་སྡོད་གནང་མཁན་བཞི་ལ་གསང་སྤྱོད་དང་། འཁྲུས་ཁང་གི་མཐུན་རྐྱེན་གསར་རྒྱག་ཐུབ་པ་བྱུང་།
༥། ས་གནས་འགོ་འཛིན་ལས་ཁུངས་དང་། ལས་ཤག མགྲོན་ཁང་བཅས་ཀྱི་ཉམས་གསོ་དང་། ལས་ཁུངས་ཀྱི་འགྲམ་དུ་འཐུང་ཆུ་དང་གསང་སྤྱོད་བཅས་ཀྱི་ལས་གཞི་ཁག་ལག་བསྟར་ཞུ་ཆོག་ཡིན།
༦། ས་གནས་བུ་བཅོལ་ཁང་གི་མཐུན་རྐྱེན་དང་། རྒས་གསོ་ཁང་གི་གསང་སྤྱོད་འཁྲུས་ཁང་ཡར་རྒྱས་ཀྱི་ལས་གཞི་ཁག་མཇུག་སྒྲིལ་ཐུབ་ཡོད།
༧། ས་གནས་ཀྱི་གཞུང་ལམ་བཟོ་རྒྱུའི་ལས་གཞིར་རྒྱ་གར་གྲོས་ཚོགས་འཐུས་མི་ནས་ཞལ་བཞེས་བཟང་པོ་ཐོབ་ཡོད།
༨། བོད་མི་ཁ་འཐོར་དུ་གནས་སྡོད་བྱེད་མཁན་དང་བོད་ནས་གསར་དུ་འབྱོར་བ་མི་ཚང་ ༩ ལ་ས་ཁང་བགོ་འགྲེམས་ཞུས།
༩། བཙན་བྱོལ་བོད་མིའིི་མི་འབོར་གྲངས་བཤེར་ཚད་ལྡན་ཞུས་ཐུབ་ཡོད།
མདོར་ན། ལས་དོ་བསྟན་འཛིན་བློ་གྲོས་ལགས་ཀྱིས་ད་བར་ལས་དོན་གང་ཅིར་ཕྱི་གསལ་ནང་གསལ་དང་། དྲང་བདེན། རང་གི་ལས་འགན་ལ་དང་ལེན་གུས་བརྩི། དབུས་ས་གང་དུའང་གཞུང་གི་སྲི་ཞུ་བསྒྲུབ་པའི་སྐབས་ལས་དོན་ཐོག་འཐུས་ཤོར་ཕྱིན་པའི་རིགས་གང་ཡང་བྱུང་མེད་པ་མ་ཟད། ཏི་ཛུ་ས་གནས་སུ་ས་གནས་འགོ་འཛིན་བསྐོ་གཞག་མ་ཐུབ་བར་ལོ་གཅིག་ལྷག་དྲུང་གཞོན་གནས་རིམ་ཐོག་ས་གནས་འགོ་འཛིན་ལས་ཚབ་ཞུས་ཏེ། རོགས་དངུལ་ཐབས་འཚོལ་དང་ལས་གཞི་ལག་བསྟར་འཇུག་སྐྱོང་ཞུ་སྒོ་ཁག་འཐུས་གཙང་ཞུས་ཡོད། ཁོ་པ་ལས་འགན་བཀོད་སྒྲིག་ལྟར་ཞུ་ཐུབ་མཁན་གྱི་ལས་བྱེད་འཇོན་ཐང་དང་ལྷག་བསམ་ཅན་ཞིག་ཡིན་པར་སོང་། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༢ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོ་པར་གནང་གཏན་འཁེལ་བ་ཡིན།།