༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོསྟྲེ་ལི་ཡཱའི་ཐབས་བྱུས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་། ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གསུང་བཤད་དང་གསར་འགོད་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཨོསྟྲེ་ལི་ཡའི་ཀེན་བྷེ་ར་རུ་རྟེན་གཞི་བྱས་པའི་ཐབས་བྱུས་དང་སྲིད་བྱུས་ཉམས་ཞིབ་ཁང་ཞེས་པའི་བསམ་མཛོད་བསྟི་གནས་ཁང་གི་ངེས་སྟོན་པ་ཇས་ཀྲིན་བྷ་སི་(Justin Bassi) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུ་དང་འབྲེལ་ཕྱོགས་གཉིས་བར་སླད་ཆར་མུ་མཐུད་འབྲེལ་གཏུག་དང་གནས་ཚུལ་བརྗེ་ལེན་ཡོང་བའི་རེ་བ་ཡོད་སྐོར་གསུངས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་དབུ་འཛུགས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་དང་འབྲེལ། རྒྱ་དཀར་ནག་བར་གྱི་རྒྱལ་མཚམས་དཀའ་རྙོག་དང་། བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པའི་གནས་སྟངས་གསལ་བཤད་གནང་བ་མ་ཟད། ཨོསྟྲེ་ལི་ཡཱའི་ཐབས་བྱུས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་ལ་བསྔགས་བརྗོད་དང་། རྒྱལ་ཁབ་མཉམ་སྦྲེལ་གྱི་ལས་གཞི་ཆེ་ཁག་ (AUKUS ) དང་། (Quad) ནས་ཐུན་མོང་གི་དམིགས་ཡུལ་ཆེད་ལས་དོན་རྩོམ་བཞིན་པར་རེ་བ་ཆེན་པོ་ཡོད་སྐོར་གསུངས་པའི་ཐོག འབྱུང་འགྱུར་ཨོསྟྲེ་ལི་ཡཱའི་ཐབས་བྱུས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་མིའི་སྒྲིག་འཛུགས་བར་གནས་ཚུལ་བརྗེ་ལེན་དང་འབྲེལ་གཏུག་མུ་མཐུད་ཡོང་བའི་རེ་འདུན་ཡོད་སྐོར་གསུངས་རྗེས་ཆེད་མཁས་པ་ཁག་གཅིག་ནས་དེ་འབྲེལ་དྲི་བ་ཕུལ་བར་ལན་འདེབས་གསལ་བཤད་གནང་ཡོད། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོསྟྲེ་ལི་ཡཱ་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཐོག་བོད་རྒྱའི་དཀའ་རྙོག་ཞི་འགྲིག་དང་ས་ཁུལ་གྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་བཞིན་ཨོསྟྲེ་ལི་ཡའི་རྒྱལ་ཡོངས་གསར་ཁང་ (ABC) ཞེས་པས་ཐད་སྲིང་གནང་ཡོད། དེ་ཡང་གསུང་བཤད་དབུ་མ་འཛུགས་གོང་སིཊ་ནི་ཐོ་རངས་ཕོ་ཉ་ (Sydney Morning Herald) ཞེས་པའི་གསར་ཁང་གི་སྲིད་དོན་གསར་འགོད་གཙོ་འཛིན་ཊེ་ཝིཊ་ཀ་རོ་ཝི་ (David Crowe) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གསར་འགོད་པ་དང་ཚོགས་བཅར་བ་རྣམས་ལ་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་དངོས་སུ་དབུ་འཛུགས་གནང་།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོསྟྲེ་ལི་ཡཱའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ལ་ངོས་འཛིན་ཆེ་མཐོང་གནང་སྟེ་མི་རིགས་ཚོ་ཁག་དེ་དག་དང་བོད་མིའི་འཐབ་རྩོད་འདྲ་མཚུངས་ཡིན་སྐོར་གསུངས་རྗེས་ད་ལྟའི་ཆར་བོད་དེ་འཛམ་གླིང་རྒྱལ་ཁབ་ཡོངས་ནས་ལྷོ་སུ་ཊན་དང་སི་རི་ཡ་ལྟར་ཆེས་རང་དབང་ཞན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་ལྟར། བོད་ནང་གཞི་རྩའི་རང་དབང་མེད་པས་བོད་མི་གྲངས་ ༡༥༧ ནས་ཁོང་ཚོའི་མངོན་འདོད་ལ་རྒྱལ་སྤྱིའི་མི་མང་གི་ཡ་ལན་གནང་བའི་རེ་བའི་འོག་རང་ལུས་མེར་སྲེག་བཏང་ཡོད་ཅེས་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཆེ་བའི་སྲིད་བྱུས་ལག་བསྟར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་རྒྱ་སྐད་དང་ཆབ་སྲིད་སློབ་གསོ་བརྒྱུད་བོད་ཀྱི་ངོ་བོ་ནག་བསུབ་གཏོང་ཐབས་རྩོམ་བཞིན་པའི་གནས་སྟངས་ལ་ཐུགས་འཚབ་བསྟན་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་བར་དུ་བོད་དེ་ས་ཁམས་ཆབ་སྲིད་ཐད་གལ་གནད་ཆེན་པོ་ཆགས་ཚུལ་དང་། རང་འབྱུང་ཐོན་ཁུངས་ཆ་ནས་བོད་ནི་ཨེ་ཤི་ཡའི་མི་མང་འབུམ་ཕྲག་མང་པོའི་འཚོ་རྟེན་དུ་གྱུར་བའི་གཙང་པོ་ཆེ་ཁག་མང་པོའི་འབྱུང་ཁུངས་ཡིན་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་རྒྱུ་གལ་གནད་ཆེན་པོ་ཆགས་སྐོར་ངོ་སྤྲོད་གནང་མཐར་བོད་རྒྱའི་དཀའ་རྙོག་ཞི་འགྲིག་བྱུང་ན། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་མཚོན་པའི་ས་ཁུལ་གྱི་དཀའ་རྙོག་ཞི་འཇམ་ཡོང་ངེས་པའི་རེ་བ་ཡོད་སྐོར་གསུངས། གསར་འགོད་གསལ་བསྒྲགས་གྲུབ་མཚམས་ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོསྟྲེ་ལི་ཡའི་གྲོས་ཚོགས་སུ་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་གྲིན་ཨི་སི་མིཊ་ (Dean Smith) ལགས་དང་། གྲོས་ཚོགས་འཐུས་མི་ཤེ་ནི་ནེའུ་མན་ (Shayne Neumann) ལགས། གྲོས་ཚོགས་འཐུས་མི་ལུཀ་གྷོ་སིང་ (Luke Gosling) ལགས། གྲོས་ཚོགས་འཐུས་མི་སུ་སན་ཀྲམ་པལ་མན་ (Susan Templeman) ལགས་དང་ལྷན་ཆུ་ཚོད་གཅིག་ལྷག་མཇལ་མོལ་གནང་རྗེས་ཁེན་བྷེ་ར་ཁུལ་གྱི་མཛད་འཆར་ལེགས་གྲུབ་ཀྱིས་མེལ་བྷོན་དུ་ཕེབས་ཐོན་གནང་ཡོད་པ་བཅས།།