༄༅། །ཉི་འོང་སྐུ་ཚབ་དོན་ཁང་དང་ཉེ་འོང་བོད་རིགས་ཐུན་མོང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༤ དང་བོད་ཟླ་ ༠༤ ཚེས་ ༡༥ ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཉིན་སྨོན་ལམ་གོ་སྒྲིག་གནང་ཡོད།
སྐབས་དེར་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་འབྲེལ་ས་ག་ཟླ་བའི་རིང་ཚོགས་བསགས་གྲིབ་སྦྱངས་བྱེད་རྒྱུའི་གལ་གནད་སྐོར་ངོ་སྤྲོད་གནང་རྗེས་པོ་ཏ་ལ་མཐོ་སློབ་ཀྱི་དཀོན་མཆོག་སྲི་ཐར་ལགས་ཀྱིས་ས་ག་ཟླ་བའི་ངོ་སྤྲོད་དང་། ལྷག་པར་ཚེས་པ་བཅོ་ལྔའི་དུས་ཆེན་གསུམ་འཛོམས་གྱི་གནད་འགག་སྐོར། དེ་བཞིན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་ངོ་སྤྲོད་གནང་ཞིང་། དེ་ནས་སེམས་བསྐྱེད་དང་། སྒྲོལ་མ། ཤེས་རབ་སྙིང་པོ། རྟེན་འབྲེལ་བསྟོད་པ། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་གསུང་འདོན་གྱི་སྨོན་ལམ་དབུ་འཛུགས་གནང་ཡོད། ཚོགས་བཅར་བའི་ཁོངས་བོད་མི་དང་། ཉི་འོང་བ། རྒྱ་རིགས་སོགས་ཕེབས་ཡོད་པ་རེད།
མཐར་ཉི་འོང་བོད་རིགས་ཚོགས་པའི་ཚོགས་མི་བསོད་ནམས་སྒྲོལ་དཀར་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་མང་ཇ་དང་། ཚོགས་བགོ་འགྲེམས་གནང་ཡོད་པ་བཅས།།