༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༤ ཉིན་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་ཐེངས་ ༣༤ ཉི་འོང་གི་རྒྱལ་ས་ཀྲོག་ཡོའི་བྷུ་ཀྱོ་ཀུ་ཀུ་མིན་ཚོགས་ཁང་དུ་སྲུང་བརྩི་ཞུས་ཡོད།
དེ་ཡང་རྒྱ་ནག་མང་གཙོ་ཚོགས་པས་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་དུ་རྒྱ་གཞུང་གི་དྲག་གནོན་འོག་རྐྱེན་ལམ་དུ་སོང་བའི་མང་གཙོ་དོན་གཉེར་བ་རྣམ་པར་རྗེས་དྲན་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་མང་གཙོར་བསྒྱུར་རྒྱུའི་འཐབ་རྩོད་གསོན་ཡོད་པ་དྲན་སྐུལ་ཆེད་དུས་དྲན་གོ་སྒྲིག་ཞུས་ཡོད་པ་ལྟར། དུས་དྲན་མཛད་སྒོའི་ཐོག་མར་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་ཝང་ཊི་ (Wangdai) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་། དྲུག་བཞིའི་དོན་རྐྱེན་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་ངོ་རྒོལ་སྣེ་འཁྲིད་མཁན་གྲས་ཀྲའུ་ཕེང་སུ་ (Zhou Fengsuo) ལགས་ཨ་རི་ནས་ཆེད་མངགས་དུས་དྲན་ལ་མཉམ་ཞུགས་ཀྱིས་གནམ་སྡེ་སྒོ་མོ་ཆེའི་ཆག་སྒོ་དང་། རྒྱ་གཞུང་གིས་སློབ་ཕྲུག་བརྒྱ་ཕྲག་རྐྱེན་ལམ་དུ་བཏང་ཚུལ་ངོ་སྤྲོད་དང་འབྲེལ། ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་ལ་སྙད་དེ་རྒྱལ་སྲུང་ཆེད་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་པ་ནི་ཞི་ཅིན་ཕིང་རང་ཉིད་དང་དམར་ཤོག་ཚོགས་པའི་བདེ་སྲུང་ཆེད་ཡིན་པ་ངོ་སྤྲོད་གནང་ཡོད། དེ་བཞིན་ཁོང་གིས་ཉི་འོང་ནི་སྨྲ་བརྗོད་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་སྟབས་ཁོང་ཉིད་དེར་བསྐྱོད་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་སྐོར་དང་། ཉི་འོང་གིས་ཁོང་ལ་རྒྱ་རིགས་མང་གཙོ་དོན་གཉེར་བའི་འབོད་སྒྲ་སྔར་ལྷག་སྒྲོག་ཕྱིར་སྡིངས་ཆ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
ཉེ་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུས་པ་དང་ཆབས་ཅིག རྒྱ་ནག་དམར་ཤོག་ཚོགས་པས་དྲིལ་བསྒྲགས་བྱས་པ་ལྟར་བོད་མི་རྣམས་རྒྱ་རིགས་ཀྱི་དགྲ་བོ་མིན་སྐོར་དང་། དེ་དང་འབྲེལ་ཏེ་རྒྱ་ནག་གཞུང་གི་རྩ་ཁྲིམས་དགོངས་དོན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་མང་གཙོའི་ལས་འགུལ་ཆེད་སྐུ་ཚེ་ཧྲིལ་པོ་བློས་གཏོང་མཁན་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞ་བོ་ (Liu Xiaobo) ལགས་ལྟ་བུའི་མི་སྣ་རྗེས་དྲན་ཞུ་གལ་ཆེ་བའི་སྐོར་གསུངས།
སྐབས་དེར་སྐུ་ཚབ་དོན་གཅོད་ལྷན་དོན་ཁང་ལས་བྱེད་ཚེ་ལྷ་ལགས་ལྷན་བཅར་གྱིས་ (Tibet Needs Your Help) ཞེས་པའི་དཔེ་དེབ་བགོ་འགྲེམས་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་ཡུ་གུར་དང་། ལྷོ་སོག ཧོང་ཀོང་། རྩ་རླུང་སྒོམ་སྒྲུབ་ཀྱི་སྐུ་ཚབ་ནས་རྒྱ་ནག་དམར་ཤོག་ཚོགས་པས་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་རྒྱལ་སྤྱིའི་རིན་ཐང་ཁག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་གནང་བ་མ་ཟད། རྒྱལ་སྤྱིའི་མི་མང་ནས་རྒྱ་རིགས་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ས་ཁུལ་ཁག་ཏུ་དྲག་གནོན་མཚམས་འཇོག་དགོས་པའི་རེ་སྐུལ་གནང་། མཛད་སྒོ་གྲོལ་མཚམས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་ལྟར་དུས་དྲན་སྐོར་གསར་ཁང་མང་པོས་གནས་ཚུལ་མཁོ་གཏོང་གནང་ཡོད་པ་རེད།
རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ནས་སྔ་དྲོ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཞིང་། ཕྱི་དྲོ་ཤིན་ཇུ་ཀུ་སྐྱེད་ཚལ་དུ་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཆེད་མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་ཡོད་པ་བཅས།།