༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༡ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆོས་རིག་ལས་ཁུངས་དང་དགའ་ལྡན་ཤར་བྱང་གྲྭ༌ཚང་ཟུང་སྦྲེལ་ཐོག་ཪིས་མེད་བགྲོ་གླེང་ཐེངས་དྲུག་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་རིས་མེད་བགྲོ་གླེང་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། གཞན་ཡང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ། དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ། འབྲས་སྤུངས་བློ་གླིང་དང་སྒོ་མང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ། རྭ་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ། བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་མཁན་རིན་པོ་ཆེ། རྡོར་བྲག་གསང་སྔགས་ཆོས་གླིང་གི་དབུ་འཛིན། འབོ་དཀར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དབུ་འཛིན། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་རིན་པོ་ཆེ། མོན་གྷོ་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ༌རྣམ་པ་དབུ་བཞུགས་ཐོག་རིས་མེད་ཆོས་སྡེ་ཁག་ ༤༤ ནས་གཏམ་བཤད་པ་གྲངས་ ༡༧ དང་། ཚོགས་བཅར་བ་གྲངས་ ༧༠ བཅས་བསྡོམས་མི་གྲངས་ ༨༧ དང་། དགའ་ལྡན་ཤར་བྱང་གཉིས་ནས་དགེ་འདུན་པ་གྲངས་ ༥༠༠ ཙམ་ཕེབས་ཡོད།
ཐོག་མར་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ལས་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་ལས་རིམ་ངོ་སྤྲོད་ཞུས་རྗེས་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་གནང༌། དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་དགོན་པའི་ལོ་རྒྱུས་མདོར་བསྡུས་དང་གསུང་བཤད་གནང་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་བགྲོ་གླེང་གནང་ཕྱོགས་སྐོར་གསུང་བཤད་གནང༌། དེའི་མཚམས་སུ་ཆོས་རིག་དྲུང་ཆེ༌འཆི་མེད་ཚེ་དབྱངས་ལགས་ཀྱིས་གསུང་བཤད་གནང་།གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དྲུག་པའི་ཐོག་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ ༦༤ ནས་དགེ་བཙུན་གྲངས་ ༡༡༨ ལ་མགྲོན་འབོད་ཞུས་ཡོད་ཅིང་། ཚོགས་བཅར་བའི་ཁོངས་དངོས་སུ་མཉམ་ཞུགས་གནང་མཁན་དགོན་ཁག་ ༤༡ ནས་དགེ་འདུན་པ་དང་བཙུན་མ་བཅས་གྲངས་ ༧༤ ཕེབས་ཡོད། གསུང་བཤད་གནང་མཁན་ཁོངས་ཆོས་བརྒྱུད་རེ་ནས་དགེ་འདུན་པ་གཉིས་རེ་དང་བཙུན་མ་རེ་གདན་འདྲེན་ཞུས་ཡོད།
རིས་མེད་བགྲོ་གླེང་ཐེངས་དྲུག་པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༡ ནས་ ༢༤ བར་ཉིན་བཞི་རིང་འཚོག་རྒྱུ་ཡིན་པ་དང་། རིས་མེད་བགྲོ་གླེང་འདི་ཡང་རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་ ༡༡ ཐོག་བཀའ་སློབ་ཕེབས་དོན་བཞིན་ཕྱི་ལོ་ ༢༠༡༣ ལོར་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་སོ་སོའི་དབར་ཁ་ཞེ་གཉིས་མེད་ཀྱིས་མཐུན་སྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་ཐོག་ཐུགས་མཐུན་ཁྲིམས་གཙང་ཕན་ཚུན་ངོ་སྤྲོད་རྒྱུས་མངའ་ཡོང་བ་དང་། ཆོས་སྡེ་ཁག་ཏུ་སློབ་གཉེར་གོང་འཕེལ་ཡོང་བ་སོགས། དམིགས་ཡུལ་དུ་བཟུང་ནས་༸རྒྱལ་བའི་དགོངས་གཞི་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་འགན་གཙོ་བཞེས་ཀྱིས་ཆོས་བརྒྱུད་རེས་མོས་ཐོག་ད་བར་རིས་མེད་བགྲོ་གླེང་ཐེངས་ལྔ་ཚོགས་ཐུབ་པ་དེ་ཡང་ཚོགས་ཡུལ་དགོན་པ་སོ་སོ་ནས་མཐུན་འགྱུར་རམ་འདེགས་གང་ལེགས་གནང་བ་ལ་བརྟེན་ནས་བྱུང་ཡོད།གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དང་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་ཡོངས་སུ་གྲགས་པ་ནི། ཕྱི་ལོ་ ༡༩༥༩ ལོར་སྦག་ས་ཐོས་བསམ་ཐར་འདོད་གླིང་ཞེས་པ་དེར་རིས་མེད་ཀྱི་དགེ་འདུན་པ་རྣམས་ཐོས་བསམ་སློབ་གཉེར་གཙོ་བོ་གནང་སྟེ་ལོ་བཅུ་ཙམ་བཞུགས། ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྤོ་ཆ་བགོས་གནང་དོན་ལྟར། སྐབས་དེ་དུས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་༸སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་དབུས་དགེ་འདུན་པ་ཞལ་གྲངས་ ༡༣༢ ཙམ་མོན་གྷོ་བོད་མིའི་གཞིས་ཆགས་སུ་གནས་སྤོ་གནང་ཡོད།
ཕྱི་ལོ་ ༢༠༢༢ ལོའི་ནང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དགེ་འདུན་པའི་གྲངས་ ༡༥༠༠ ལྷག་ཙམ་ཡོད། ཕྱི་ལོ་ ༡༩༧༠ ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་༸སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཚུལ་ཁྲིམས་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་དབུས་དགེ་འདུན་པ་ཞལ་གྲངས་ ༡༧༣ ཙམ་སྦག་ས་ནས་མོན་གྷོ་བོད་མིའི་གཞིས་ཆགས་སུ་གནས་སྤོ་གནང་ཡོད། ཕྱི་ལོ་ ༢༠༢༢ ལོའི་ནང་གྲྭ་རྒྱུན་གསར་ཞུགས་ཕུད་པའི་ད་ལྟ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དགེ་འདུན་པའི་ཞལ་གྲངས་ ༡༧༥༠ ལྷག་ཡོད་ཅིང་། དེ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འོད་ཞགས་འོག་གྲྭ་ཚང་རིན་པོ་ཆེ་སོ་སོའི་ཕྱག་སྲོལ་ལྟར་གྱི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་སྤྱི་དང། སྒོས་སུ་གྲྭ་ཚང་གི་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་བསྐྱར་གསོའི་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཁྱབ་དུ་འཕེལ་ཐུབ་པ་བྱུང་ཡོད་པ་བཅས།།