༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེག་ཆེན་འཛིན་སྐྱོང་ཚོགས་པས་ (the Foundation for the Preservation of the Mahayana Tradition) བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ ཙམ་ནས་དགེ་འདུན་མང་དང་བཙུན་མ། སེར་སྐྱ་མང་ཚོགས་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་གྲལ་དུ་ལེགས་པར་འཁོད་དེ་བརྟན་བཞུགས་ཆོ་ག་གསུང་འདོན་དང་། ཆུ་ཚོད་ ༧།༣༠ ཙམ་ལ་དགེ་སློང་འདུལ་བ་འཛིན་པ་རྣམས་ཀྱིས་ཆོས་གོས་དང་ལྷུང་བཟེད། འཁར་གསིལ། ཁ་བཏགས་སོགས་ཕྱག་ཏུ་བསྣམས་ཤིང་། དགེ་བཤེས་བཙུན་མ་རྣམས་དང་། བཙུན་མ་རྒན་པ་ཚོས་ཆོས་གོས་ཁ་བཏགས་སོགས་ཕྱག་ཏུ་བསྣམས་ནས་སེར་སྦྲེང་བསྒྲིགས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་་སྤྱན་རྒྱ་དང་། དབུ་བཞུགས་རྡོར་སློབ་མཁན་རིན་པོ་ཆེ་མཆོག་གིས་གཙོས་ཐེག་ཆེན་འཛིན་སྐྱོང་ཚོགས་པའི་འཐུས་མི་སྐུ་ཚབ་མི་བདུན་གྱིས་སྤོས་སྣེ་དང་། དགེ་སློང་འདུལ་བ་འཛིན་པའི་སེར་སྦྲེངས་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་ཀོ་པན་མཁན་རིན་པོ་ཆེས་མཇལ་དར་རྐྱང་འབུལ་དང་། བླ་མཆོད་བདེ་སྟོང་དབྱེད་མེད་མ་དབུ་བཙུགས་པ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་མུར་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་སྤྱི་ཡོངས་ཀྱི་ཐོག་ནས་བརྟན་བཞུགས་ཤིག་ཕུལ་གནང་བ་དེ་ལྟར་རེད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིར་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་མཁན་སྤྱི་དང་། ལྷག་པར་ཧི་མ་ལ་ཡ་རི་རྒྱུད། བོད་གངས་ཅན་ལྗོངས་ཀྱི་གདུལ་བྱ། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་རྣམས་ཀྱིས་ངོས་ལ་སྤྱི་མོས་ཧ་ཅང་ཆེན་པོ་ཡོད་པ་རེད།ངོས་རང་ཇི་ཙམ་ཚེ་རིང་པོ་གནས་པ་དེའི་ཚོད་ཀྱིས་སངས་རྒྱས་ཀྱི་བསྟན་པས་འགྲོ་བ་ལ་ཕན་ཐོགས་ཡོད་པ་རྣམས་མུ་མཐུད་ནས་གནས་ཐུབ་པ་ཞིག་རེད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ལྟར། གང་ལྟར་རྒྱ་ཧོར་བོད་གསུམ་གཙོ་བོར་གྱུར་པའི་ཡུལ་གྲུ་རྣམས་སུ་དེ་སྔ་ནས་སངས་རྒྱས་ཀྱི་ཆོས་དར་རྒྱས་ཆེན་པོ་ཡོད་པ་དང་། བར་སྐབས་འགྱུར་བ་ཆེན་པོ་ཕྱིན་པ་རེད། དེ་སྔ་སངས་རྒྱས་པའི་ཆོས་ལ་འབྲེལ་བ་མེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ནས་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ལྟ་བུའི་དུས་ཚོད་ལ་བསྟན་པའི་ཞབས་འདེགས་རྒྱ་ཆེན་པོ་སྒྲུབ་ཐུབ་པ་དངོས་ཡོད་གནས་ཚུལ་ཆགས་ཀྱི་ཡོད། ངོས་ཀྱིས་བསྟན་པ་དང་འགྲོ་བ་ལ་གང་ཕན་ཞིག་བྱེད་བསམ་པའི་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་འདིར་ཁྱེད་ཚོས་བརྟན་བཞུགས་ཕུལ་བ་རེད། ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་བྱས་ཏེ་ཕན་ཐོགས་ཡོང་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།གཙོ་བོ་བོད་གངས་ཅན་གྱི་ལྗོངས་དང་དེའི་ཉེ་འདབས་ཀྱི་ཧི་མ་ལ་ཡ་རི་རྒྱུད་དག་ལོ་རྒྱུས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད། ཡུལ་གྲུ་དེ་དག་ཏུ་ངོས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་ཞིག་སྒྲུབ་ཐུབ་པར་སྨོན་ལམ་རྒྱག་བཞིན་ཡོད་ལ་འདོད་པའང་ཡོད། དེ་སྔ་སངས་རྒྱས་པའིི་ཆོས་མ་དར་སའི་ཡུལ་ལུང་མང་པོ་ཞིག་གི་ནང་ངོས་ལ་དོ་སྣང་ཡོང་གི་ཡོད་པ་རེད། ལྷག་པར་ཆོས་ཁས་མི་ལེན་མཁན་དང་ཆོས་ལ་དོ་སྣང་མེད་མཁན་ཚན་རིག་པའི་ནང་ནས་དོ་སྣང་ཤུགས་ཆེན་པོ་ཞིག་ཡོང་བཞིན་འདུག ངོས་ཀྱིས་སྤྱི་དང་བྱེ་བྲག་གི་ཡུལ་ལུང་ཚོར་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་པ་ཞིག་ཆགས་འདུག དེ་རིང་འདིར་བརྟན་བཞུགས་གནང་བ་འདིས་ཁྱེད་རང་ཚོས་སྨོན་ལམ་དང་སེམས་ཤུགས་སྒྲིལ་པ་དེ་ལྟར་རེད། ངོས་ཀྱིས་ད་དུང་ལོ་བཅུ་ཕྲག་གཉིས་གསུམ་ཞིག་ལ་ཧུར་ཐག་བྱེད་དེ། ཕྱོགས་གང་ས་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཆོས་ཁས་མི་ལེན་མཁན་ཚོར་ཡང་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཡ་རབས་བྱེད་དགོས་པ། ཡ་རབས་བྱས་ན་སེམས་ལ་ཞི་བདེ་འབྱུང་བ་དང་། སེམས་ལ་ཞི་བདེ་བྱུང་ཚེ་ལུས་ཀྱི་བདེ་ཐང་ལ་ཕན་པ་ངོས་རང་གི་ཉམས་མྱོང་གི་ཐོག་ནས་མི་མང་པོར་བཤད་བཞིན་ཡོད། དངོས་དང་བརྒྱུད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་པ་དེ་ལྟར་རེད། ངོས་ཀྱིས་སེམས་ཤུགས་བསྐྱེད་ནས་བསྡད་ཡོད། ཁྱེད་ཚོ་ཚང་མས་ཐུགས་སྨོན་མཚམས་སྦྱོར་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན།གཙོ་བོ་དགྲ་བཅོམ་པ་སཱ་ག་ལྷ་ཡིས། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་པ་ཙམ་གྱིས་ཡོང་གི་མ་རེད། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བསླབ་པ་སློབ་གཉེར་ཡག་པོ་ཞིག་བྱས། དེ་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཁ་ཡོད་ལག་ཡོད་ཡག་པོ་ཞིག་བྱས་པའི་ཐོག་ནས་བསྟན་པ་འཛིན་མཁན་ཆགས་ཀྱི་རེད་མ་གཏོགས། བསམ་བློའི་ནང་དུ་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་སྐོར་ལ་བསམ་བློ་བཏང་ནས་སོ་སོས་དང་དོད་བྱས་ཏེ་ལག་ལེན་སྐྱེལ་རྒྱུ་མེད་པར་ལུས་ལ་ཆོས་གོས་གྱོན་པ་ཙམ་གྱིས་ངོ་མཚར་ཆེ་བ་ཡོད་པ་མ་རེད་ཅེས་འདུལ་བའི་གཞུང་དུ་ཧ་ཅང་གསལ་པོ་འདུག ང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། ལུས་ལ་ཆོས་གོས་ངུར་སྨྲིག་བཅངས་མཁན་ཆགས་ཡོད།ད་ལྟ་རྒྱ་ཧོར་བོད་གསུམ་དང་། དེའི་ནང་ནས་རྒྱ་ནག་ཏུ་སངས་རྒྱས་པའི་ཆོས་ཤུགས་ཆེན་པོ་ཞིག་གཞི་ནས་དར་ཡོང་གི་ཡོད་པ་ལྟ་བུ་ཞིག་རེད། བོད་ལ་ཆ་གཞག་ན་ཚང་མར་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད། སོག་པོའམ་ཆེན་པོ་ཧོར་དུ་ངོས་རང་ཐེངས་ཁ་ཤས་སླེབས་པ་རེད། དངོས་གནས་དད་པ་རྩེ་གཅིག་རེད། དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཞེས་སོགས་རྗེ་རིན་པོ་ཆེས་ཇི་ལྟར་གསུངས་པ་བཞིན་ང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱག་དགོས་པ་རེད། གཞན་ལ་མིག་སྟོན་བྱེད་པ་དང་ལམ་སྟོན་བྱེད་པ་ཡོང་བ་ལ་སྔོན་ལ་སོ་སོ་རང་གིས་གཞན་ལ་གང་སྟོན་པ་དང་། མིག་དཔེ་ལྟ་སའི་ཡུལ་སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱས་ཏེ། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་དགོས། སོ་སོར་ལག་ལེན་གྱི་ཐོག་ནས་མེད་པར་ཁ་ནས་ཆོས་བཤད་ག་ཚོད་བྱས་ཀྱང་། མིས་ཁོ་རང་ཧ་ཅང་ཁ་བདེ་བོ་བཤད་པ་མ་གཏོགས་བཟོ་ལྟ་ཡོད་པ་མ་རེད་ཅེས་བཤད་ཀྱི་རེད། ང་ཚོའི་ངོས་ནས་གཞན་ལ་ཇི་ཙམ་བཤད་པའི་དོན་དེ་རང་ཉིད་ཀྱིས་ལག་ལེན་ཐོག་ནས་གཞན་ལ་སློབ་སྟོན་བྱེད་ཐུབ་པ་ཞིག་ལ་ཧུར་ཐག་གནང་ཤོག་ཨང་།དེ་རིང་འདིར་བརྟན་བཞུགས་ཀྱི་སྦྱིན་བདག་ཞིང་གཤེགས་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ཞེས་ཡུལ་ལུང་མང་པོ་ཞིག་ལ་བླ་མ་བཟོད་པ་རིན་པོ་ཆེས་འགྲོ་དོན་ཧ་ཅང་རྒྱ་ཆེན་པོ་རེད། དངོས་གནས་ངོས་ཀྱི་གྲོགས་པོ་དང་ངོ་ཤེས་བློས་ཐུབ་ཅིག་ཡིན། བར་སྐབས་མྱ་ངན་ལས་འདས་པ་རེད། ཁོང་གི་ཡང་སྲིད་ཡག་པོ་ཞིག་ཏན་ཏན་ཡོང་གི་རེད་ལ། ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་རྒྱག བཟོད་པ་རིན་པོ་ཆེའི་ངོ་ཤེས་པ་ཁྱེད་རང་ཚོ་ཡིན་ནའང་ཡང་སྲིད་ཡག་པོ་ཞིག་ཡོང་ཐུབ་པ་ལ་ཚང་མས་དགོངས་པ་བཞེས་ཤོགསངས་རྒྱས་ཀྱི་བསྟན་པ་ནུབ་པའི་མཚམས་སུ་སླེབས་མེད་པ་ངོས་ཀྱིས་བརྒྱ་ཆའི་བརྒྱ་ཐམ་པ་ཐག་བཅད་ནས་བཤད་ཐུབ་ལ། སངས་རྒྱས་པའི་ཆོས་མུ་མཐུད་འཛམ་གླིང་འདིར་གནས་པ་དང་། དེ་སྔ་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པ་རུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད་པས་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་ཏན་ཏན་གནས་ཐུབ་ཀྱི་རེད། བསྐལ་པ་མེ་འཇིག་ཆུ་འཇིག་ཟེར་བ་ལྟར་མེ་འཇིག་གི་མཚམས་ལ་སླེབས་པ་ཡིན་ན་ནི་གནས་ཚུལ་ཁ་ཁ་རེད། ང་ཚོ་ཚང་མ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་དང་། ལྷག་པར་ནཱ་ལེནྡྲའི་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་མཁས་པའི་དབང་པོ་དེ་དག་རྗེས་སུ་འབྲང་མཁན་ཡིན་པས་ཚང་མས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཙམ་མ་ཡིན་པར་རིགས་པས་དཔྱད་པ་བྱེད་དགོས།ཚན་རིག་པས་བཤད་པ་དང་ང་ཚོས་རིགས་པས་དཔྱད་ནས་འགྲོ་བ་ཧ་ཅང་མཐུན་པོ་འདུག་པ་དེ་ང་ཚོའི་ནཱ་ལེནྡྲའི་བརྒྱུད་པ་ཐུན་མོང་མ་ཡིན་པ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལའང་རིགས་པས་དོགས་སློང་གནང་སྟེ། ལུང་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཡོང་གི་འདུག་ཅེས་བཤད་སྲོལ་ཡོད་པ་དེ་ཧ་ཅང་ཡག་པོ་རེད། དངོས་གནས་དྲང་གནས་དད་པ་ཙམ་མ་ཡིན་པར་རིགས་པས་དཔྱད་ནས་འགྲོ་བཞིན་ཡོད། ངོས་ཀྱིས་དེ་ལྟར་བྱེད་བཞིན་ཡོད་ལ་ཁྱེད་ཚོ་ཚང་མས་དེ་ལུགས་དགོངས་པར་བཅངས་རོགས། བླ་མ་བཟོད་པ་རིན་པོ་ཆེ་ཁོང་བཞུགས་པའི་དུས་སུ་ཧུར་ཐག་འབད་ཐག་བྱས་སོང་། རིན་པོ་ཆེའི་ཡང་སྲིད་ཡག་པོ་ཞིག་ལ་ཁོང་རང་ཐུགས་བསྐྱེད་སྨོན་ལམ་ཏན་ཏན་ཡོད་པ་རེད་ལ་ཡང་སྲིད་ཡག་པོ་ཞིག་ཡོང་ཐུབ་པ་ལ་ངོས་ཀྱིས་རེ་བ་རྒྱག་གི་ཡོད། ཁྱེད་ཚོ་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།
བརྟན་བཞུགས་ཆོ་ག་མུ་མཐུད་དེ་ཁྲུས་གསོལ་དང་ཚོགས་འཁོར་ཕུལ་རོལ། ཡན་ལག་བདུན་པའི་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་སྐབས་སུ་ཤར་རྡོ་རྗེ་མ་ནས་བརྟན་བཞུགས་དངོས་གཞི་གསུང་བ་སོགས་བརྟན་བཞུགས་རིམ་པར་བསྐྱངས་ཤིང་། མཐར་དབུ་བཞུགས་ཀོ་པན་མཁན་རིན་པོ་ཆེ་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་ཞུས་པ་དང་། སྦྱིན་བདག་འཐུས་མི་བཅོ་ལྔ་ནས་མཇལ་ཁ་ཞུས་པ། ཞིང་མཆོག་དམ་པ་མ། རིས་མེད་བསྟན་རྒྱས་སྨོན་ལམ། ཀ་ཁྲིར་དར་སྒྲོག བདེན་ཚིག་སྨོན་ལམ་བཅས་གསུང་གྲུབ་མཚམས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས། །