༄༅། །འདི་གར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༧ ཉིན་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་མངའ་སྡེ་ (NSW) ནང་ཡོད་པའི་ས་གནས་ (Central Coast) ཁུལ་གྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་། རིག་གནས་བཅས་སློབ་ཁྲིད་ཆེད་གཟའ་མཇུག་བོད་ཡིག་འཛིན་གྲྭ་ཞིག་གསར་འཛུགས་གནང་བའི་མཛད་སྒོར་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ཨོསྟྲེ་ལི་ཡཱའི་རྒྱལ་གླུ་བཏང་། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སློབ་གྲྭའི་མཚན་བྱང་ ༼ཤེས་ཡོན་སྐྱེད་ཚལ་གླིང་། ༽ ཞེས་པ་དབུ་འབྱེད་དང་འབྲེལ་སྣང་གསལ་ཞལ་ཕྱེ་གནང་། སློབ་གྲྭའི་མཚན་བྱང་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་འཇུག་ཞུས་པ་བཞིན་གསོལ་སྩལ་གནང་བ་ཞིག་ཡིན།
དེ་རྗེས་སྐྱབས་གནས་དགེ་འདུན་པ་གཉིས་ནས་སྐྱབས་འགྲོ་དང་། བཀྲ་ཤིས་བརྩེགས་པ་གསུང་འདོན་གནང་གྲུབ་རྗེས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས་ཤེས་ཡོན་སྐྱེད་ཚལ་གླིང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཟང་པོ་ལགས་ཀྱིས་སློབ་གྲྭའི་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་སིཌ་ཎི་རིག་གནས་སྐྱེལ་ཁང་གི་སློབ་སྤྱི་ལུང་རིགས་ལགས་ཀྱིས་གསུང་བཤད་གནང་།སྐབས་དེར་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་། ཕ་མའི་ཚོགས་ཆུང་། ཕྲུ་གུ་བཅས་ལ་འཚམས་འདྲི་དང་འབྲེལ་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་དེ་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཏང་དང་གཏོང་བཞིན་ཡོད་པས་ཕྱི་རྒྱལ་རང་དབང་ལུང་པའི་ནང་གནས་སྡོད་བྱེད་བཞིན་པའི་བོད་པའི་མི་རབས་གསར་པ་ཚོས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག བོད་མིའི་གོམས་གཤིས་ཡ་རབས་སྤྱོད་བཟང་བཅས་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་ཡིན་པ་མ་ཟད། ས་གནས་ཀྱི་བོད་མི་སྤྱི་དང་། ལྷག་པར་འབྲེལ་ཆགས་དོ་བདག་ཕ་མ་སོ་སོའི་ངོས་ནས་མཐུན་འགྱུར་རོགས་འདེགས་གནང་རྒྱུར་འགན་ཁུར་དམིགས་བསལ་གནང་དགོས་པ་ལམ་སྟོན་ཞིབ་རྒྱས་གནང་གྲུབ་རྗེས་ཤེས་ཡོན་སྐྱེད་ཚལ་གླིང་གི་དང་བླངས་དགེ་ལས་རྣམ་པ་དང་ཕ་མའི་འཐུས་ཚབ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་མཇལ་དར་སྒྲོན་ཏེ་མཛད་སྒོ་ལེགས་གྲུབ་ངང་གྲོལ། །