༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༨ ཉིན་བི་ཧར་ཧིན་བོད་མཛའ་འབྲེལ་ཚོགས་པས་ཤྲི་ཀྲྀཥ་ཎ་ཇུབ་ལི་ཁྲིམས་རིག་མཐོ་སློབ་ཏུ་བོད་ཀྱི་མངའ་དབང་བོད་མིའི་རང་ཐག་རང་གཅོད་སྐོར་གྱི་ཚོགས་འདུ་ཞིག་གོ་སྒྲིག་གནང་འདུག
ཚོགས་འདུའི་ཐོག་མར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སུ་རེནྡྲ་ཀུ་མཱར་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོ་བོ་དང་། རྒྱ་གར་གྱི་དབུ་ཁྲིད་ཇ་ཡ་པྲ་ཀཱཤ་ནཱ་རཱ་ཡཎ་ལགས་དང་། རཱམ་མ་ནོ་ཧར་ལོ་ཧི་ཡཱ་ལགས། དཱིན་ད་ཡཱལ་ཨུ་པཱདྷྱཱཡ་ལགས། ཅཀྲབརྟཱི་རཱ་ཇ་གོ་པཱ་ལཱ་ཅཱ་རཱི་ལགས། རཱ་ཇེནྡྲ་པྲ་སཱད་ལགས། ནི་ཇ་ལིང་གཔྤ་ལགས། ཇརྗ་ཕརྣནཊིས་ལགས་ལ་སོགས་ནས་བོད་དོན་ཆེད་སྐུ་ལས་སྐྱོན་ཚུལ་འགྲེལ་བརྗོད་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་པའི་སྔ་རོལ་དུ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིན་ཡིན་པ་ངོ་སྤྲོད་གནང་ཡོད།
དེ་ཡང་མུ་ཛ་ཕར་ན་གར་གནས་འཁོད་ (SKJ) ཁྲིམས་རིག་མཐོ་སློབ་ཀྱི་ངེས་སྟོན་པ་ཇ་ཡན་ཀུ་མཱར་ (Jayant Kumar) ལགས་ཀྱིས་དབུ་འབྱེད་གསུང་བཤད་དུ་རྒྱ་ནག་གིས་ཕྱི་ལོ་ ༡༠༥༠ ནས་ ༡༩༥༩ ནང་བོད་བཙན་བཟུང་མ་བྱས་པའི་སྔོན་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། སྐབས་དེར་རྒྱ་གར་གཞུང་ངོས་ནས་དགོས་ངེས་རྒྱབ་སྐྱོར་བྱས་ཡོད་ཚེ་རྒྱ་ནག་གི་དམིགས་ཡུལ་གྲུབ་མེད་སྲིད་ཅེས་དང་། བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་རྒྱ་གར་མི་མང་ཙམ་མ་ཡིན་པར་རྒྱལ་སྤྱིའི་མི་མང་ལའང་འགན་ཡོད་སྐོར་གསུངས།
མཛད་སྒོའི་སྐུ་མགྲོན་གཙོ་བོ་བི་ཧར་ཧིན་བོད་མཛའ་འབྲེལ་ཚོགས་པའི་འཛིན་སྐྱོང་འགན་འཛིན་པྲ་མོཊ་ཀུ་མཱར་ (Pramod Kumar) ལགས་ཀྱིས་བོད་ཀྱི་ལོ་རྒྱུས་སྐོར་གསུང་སྐབས་བོད་ནི་གནའ་དུས་ནས་མངའ་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་མ་ཟད། དེ་ཉིད་འཛམ་གླིང་གི་མཐོ་སྒང་དང་ཨེ་ཤི་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་པ་ངོ་སྤྲོད་དང་སྦྲགས། ད་ལྟ་རྒྱ་གཞུང་གི་བཙན་བཟུང་འོག་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པར་སྐྱོན་བརྗོད་དྲག་པོ་གནང་འདུག
དེ་བཞིན་གཙུག་ལག་སློབ་དཔོན་ཏི་ཝ་རི་ (K. N. Tiwary) ལགས་དང་། འབུམ་རམས་པ་བྲ་ཇེཤ་ཀུ་མཱར་ (Dr Brajesh Kumar Sharma) ལགས་སོགས་ཀྱིས་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཁྲིམས་སྒྲིག་འགལ་ཏེ་བོད་ཐོག་བཙན་བཟུང་བྱས་ཚུལ་དང་། དེ་ལ་རྒྱལ་སྤྱིའི་མི་མང་ནས་བློ་འཚབ་གནང་དགོས་པ་མ་ཟད། བོད་དོན་རྒྱལ་སྤྱིའི་སྟེང་གོ་རྟོགས་ཤུགས་ཆེར་སྤེལ་དགོས་སྐོར་ངོ་སྤྲོད་གནང་། དེ་བཞིན་ཁོང་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོས་ཚོགས་སུ་གདན་འདྲེན་ཞུས་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་བཅས།།