༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅར་ལི་གསུམ་པ་མཆོག་ཨིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་གནང་པར་འཚམས་འདྲི་སྩལ་འདུག
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། སྐུ་ཉིད་སྐུ་ཚེ་ཡུན་དུ་གནས་ཤིང་ཨིན་ཡུལ་མི་མང་ནས་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་འདུན་ཞུ་བ་དང་སྦྲགས། སྐུ་ཉིད་དང་ལྷན་དུ་ཡུན་རིང་མཛའ་བརྩེའི་གྲོགས་འདྲིས་བྱུང་བས། སྐུ་ཉིད་ཀྱིས་མུ་མཐུད་གཞན་གྱི་བདེ་དོན་སླད་བྱམས་བརྩེ་ལྡན་པའི་ཐོག་ཐུགས་ཁུར་ཆེ་བཞེས་གནང་བའི་ཡིད་ཆེས་བརྟན་པོ་ཡོད།
དེང་སྐབས་རྒྱལ་སྤྱི་ཁྱོན་ཡོངས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ་དབུལ་ཕྱུག་གི་ཁྱད་པར་དང་། ང་ཚོའི་ཕ་ཁྱིམ་གོ་ལའི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་མཚོན་པའི་དཀའ་ངལ་རྣམས་བསལ་ཏེ་བྱམས་བརྩེ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་པར་བརྟུན་པ་ཆེར་བསྐྱེད་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་མི་རྗེ་ཅར་ལི་གསུམ་པ་མཆོག་གིས་ཨིན་ཡུལ་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུ་དང་། འཚེ་བ་བྲལ་ཞིང་ཞི་བདེ་ལྡན་པའི་འཛམ་གླིང་སྐྲུན་པར་འཕྲད་ངེས་པའི་ཡོང་འགྱུར་གྱི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་དམ་འཛིན་གནང་ཐུབ་པའི་ཐུགས་སྨོན་གནང་འདུག་པ་བཅས།།