༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་གནང་མཁན་ཨིན་དྲེཤ་ཀུ་མཱར་ (Indresh Kumar) ལགས་དང་། བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཾཀཇ་གོ་ཡལ་ (Pankaj Goyal) ལགས་གཉིས་ཀྱིས་ཕེབས་བསུ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་རྒྱ་གར་གྱི་སྲོལ་རྒྱུན་ཕེབས་བསུ་ལྟར་མེ་ཏོག་གི་མཆོད་པ་ཕུལ་ཞིང་། རང་ལུགས་གྲོ་སོ་ཕྱེ་མར་བཅས་ཕེབས་བསུའི་ངང་སྡིངས་ཆའི་གཤམ་དུ་སྣང་གསལ་མར་མེ་ཞལ་ཕྱེ་དང་། ༸ཞབས་སྟེགས་སུ་འཁོད་མཚམས་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་པཾཀཇ་གོ་ཡལ་ལགས་དང་། ཨིན་དྲེཤ་ཀུ་མཱར་ལགས་གཉིས་ཀྱིས་རིམ་པར་ཕེབས་བསུའི་གསུང་བཤད་གནང་།དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། རྡ་རམ་ས་ལ་ངོས་རང་བཙན་བྱོལ་བ་བྱས་ཏེ་སྡོད་སའི་བསྟི་གནས་ཆགས་ཡོད། ས་ཆ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་བཞུགས་ས་བྱེད་ཀྱི་ཡིན་ཞེས་ཇ་ཝཱ་ཧར་ལཱལ་ནེཧ་རཱུས་གཏན་འཁེལ་བ་རེད། ཀཱང་ར་རྫོང་ཁོངས་ནང་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་ནེཧ་རཱུ་རང་གིས་ཐག་བཅད་པ་རེད། ལོ་འདིའི་རིང་ས་ཆ་འདིའི་སྒང་ང་ཚོ་རྒྱ་གར་མི་མང་སྤྱི་འགྲོས་སྤྱི་མཚུངས་ལྟར་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་དང་། ཆོས་ལུགས་རིས་མེད་ཐོག་དུས་ད་ལྟའི་བར་དུ་བསྡད་པ་རེད། བོད་མིར་ཆ་བཞག་ན་བོད་ཀྱི་རིག་གཞུང་ཁུངས་བཅོལ་ས་ནི་ནང་པ་སངས་རྒྱས་པའི་གཞུང་ཡིན་པ་དང་། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་གྱི་མགོ་རུ་རྒྱ་གར་སྐད་དུ་ཞེས་ཡོད། དེར་བརྟེན་འཕགས་བོད་གཉིས་ནི་ཐུན་མོང་མ་ཡིན་པའི་འབྲེལ་བ་རེད་འདུག བོད་ལ་རིག་གཞུང་གཏིང་ཟབ་ཡོད་པ་འདི་དག་རྒྱ་གར་ནས་ཚུར་ཡོང་བ་ཞིག་ཆགས་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་དང་ཧ་ཅང་འབྲེལ་བ་ཡོད་པ་རེད། རྒྱ་བཟའ་དང་ཁྲུང་ས་སྐྱོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོད། འོན་ཀྱང་བོད་ལ་རྒྱ་ཡིག་བཙུགས་མེད། བོད་ལ་བོད་རང་ཉིད་ཀྱི་དབྱངས་དང་གསལ་བྱེད་ཡོད་པ་དེ་ (devanagari) ཞེས་པའི་རྒྱ་གར་གྱི་དབྱངས་དང་གསལ་བྱེད་ཐོག་ནས་འགྲོ་བའི་ཡི་གེར་དཔེ་བལྟས་ནས་བོད་ཡིག་འདི་བཟོས་པ་རེད།རྒྱ་བཟའ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་འབྲེལ་བ་ཧ་ཅང་ཡོད་སྟབས། བོད་ལ་རྒྱ་ནག་གི་སྒོམ་ཆེན་པ་དེ་འདྲ་མང་པོ་ཕེབས་ཡོད་པ་རེད། སྐབས་ཤིག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་བོད་རིགས་ལེགས་སྦྱར་སོགས་ལ་སློབ་སྦྱོང་གནང་མཁན་གྱི་སྡེ་ཚན་ཕྱོགས་གཅིག་ལ་བཞུགས་པ་དང་། རྒྱ་ནག་གི་སྒོམ་ཆེན་པ་ཚོ་ཕྱོགས་གཅིག་ལ་བཞུགས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དཀྱིལ་ལ་བཞུགས་ཏེ་ཆོས་རྒྱལ་གྱིས་བགྲོ་གླེང་གནང་རྒྱུའི་ཐུགས་རེ་གནང་བ་རེད། སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་བོད་པའི་ཆོས་པ་ཚོ་དང་རྒྱ་ནག་གི་སྒོམ་ཆེན་པ་ཚོ་ཕར་ཚུར་བགྲོ་གླེང་གནང་རྒྱུའི་གྲ་སྒྲིག་གནང་འདུག སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་གི་བོད་པ་ཚོར་གཞི་དང་ལམ། འབྲས་བུའི་རྣམ་གཞག དེ་ནས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་མང་པོ་ཞིག་གསུང་རྒྱུ་ཡོད་པ་རེད། གཡོན་ཕྱོགས་སུ་རྒྱ་ནག་གི་སྒོམ་ཆེན་པ་ཚོར་དེ་ལྟ་བུའི་སློབ་སྦྱོང་ཧ་ཅང་མེད་པར་སྒོམ་རང་བརྒྱབ་ནས་འདུག་གི་ཡོད་སྟབས་སྒོམ་ཆེན་པ་ཚོར་བཀའ་འདྲི་གནང་དུས་ང་ཚོས་སྒོམ་རྒྱག་རྒྱུ་གཙོ་བོར་བྱེད་པ་མ་གཏོགས་དེ་འདྲའི་སློབ་སྦྱོང་བྱེད་རྒྱུ་མེད་གསུངས་པ་རེད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་ནག་གི་སྒོམ་ཆེན་པ་ཚོར་ང་ཚོ་བོད་པ་ཚོས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་རེད། སྒོམ་བརྒྱབ་པ་གཅིག་པུས་འགྲིག་གི་མི་འདུག རྒྱ་ཡི་མཁན་པོ་ཚོ་རྒྱ་ནག་ལ་ལོག་ཕེབས་རོགས་གནང་ཞེས་ཞུས་པ་རེད།
མཁན་ཆེན་ཞི་བ་འཚོ་དེ་དུས་ནཱ་ལེནྡྲའི་མཁས་པའི་གྲས་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་སྟེ་བོད་ལ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲ་ནས་མར་ཡོང་པ་རྒྱ་གར་མཁས་པའི་བཞེད་གཞུང་དྲི་མ་མེད་པ་དེ་བོད་ལ་འཛུགས་དགོས་ཀྱི་འདུག་ཅེས་དེ་ལྟར་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་བ་རེད། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོ་བོད་ལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཡིག་ཟུར་དུ་འདུག་པས་རྒྱ་ཡིག་སློབ་དགོས་ཀྱི་མི་འདུག སོ་སོའི་བོད་ཡིག་ཡོད་པར་བརྟེན་རྒྱ་གར་གྱི་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་གྱི་གཞུང་རྣམས་དང་། བསྟན་འགྱུར་གྱི་གཞུང་མང་པོ་ཞིག་བོད་ཡིག་ནང་བསྒྱུར་རྒྱུ་བྱུང་བ་རེད། བོད་ལ་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་ལྟ་གྲུབ་དེ་དག་ལ་སློབ་སྦྱོང་བྱས་ཏེ། སངས་རྒྱས་པའི་གཞུང་རྒྱ་ཆེ་མུ་མེད་ཅིག་ཡོད་པ་རྣམས་ཚུར་བསྒྱུར་མགོ་བཙུགས་ཏེ་དེང་སྐབས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ལེགས་སྦྱར་སྐད་ནས་བསྒྱུར་བ་དང་། པཱ་ལིའི་གཞུང་ནས་བསྒྱུར་བའང་ཡོད་པ་རེད། གང་ལྟར་དེ་དག་ནི་བོད་སྐད་དང་བོད་ཡིག་རང་གི་ཐོག་ནས་ཆ་ཚང་བཤད་ཐུབ་ཀྱི་ཡོད་པ་རེད།ངོས་རང་ནང་པའི་དགེ་སློང་ཞིག་ཡིན་སྟབས་ནང་པའི་ཡུལ་གྲུ་ཁག་ནས་གནས་སྐོར་དང་འབྲེལ་ང་ཚོ་མཇལ་རྒྱུའི་གོ་སྐབས་མང་པོ་ཡོང་གི་འདུག བཀའ་མོལ་ཞུས་པའི་སྐབས་སུ་ང་ཚོ་བོད་གངས་ཅན་ལྗོངས་སུ་བོད་ཡིག་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེར་ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཉམས་ལེན་དང་སྒོམ་རྒྱག་གི་ཡོད། སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པས་འཇོག་སྒོམ་རྐྱང་རྐྱང་མ་ཡིན་པར་དཔྱད་སྒོམ་གྱི་ཐོག་ནས་དཔྱད་པ་བྱེད་ཀྱི་ཡོད་པས་ཚད་མའི་གཞུང་དེ་དག་གལ་ཆེན་པོར་བརྩིས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད། ཡིན་དང་མིན་ནི་རིགས་པས་དཔྱད་པ་བྱས་ཏེ་སློབ་སྦྱོང་བྱེད་བཞིན་ཡོད། སངས་རྒྱས་ཀྱི་གསུངས་པ་རེད་ཡིན་དང་ཡིན་ཟེར་བ་མིན་པར། སངས་རྒྱས་ཀྱི་གསུངས་པ་རེད་དེ་རྒྱུ་མཚན་ག་རེ་རེད་ཅེས་དཔྱད་པ་བྱེད་ཀྱི་ཡོད། ང་ཚོས་དེང་སྐབས་དམ་བཅའ་ཆེན་པོ་དེ་འདྲ་བཞག་ནས་རྟགས་གསལ་གཏོང་མཁན་ཚོས་མདོ་དང་བསྟན་བཅོས་ཀྱི་ལུང་དེ་འདྲ་འདྲེན་པའི་སྐབས་སུ་གུས་བས་ཀྱི་རྩ་བ་བྱས་ནས་དམ་བཅའ་འཇོག་མཁན་དེས་ཞྭ་མོ་མར་ཕུད་ནས་ལུང་དེ་ཉན་རྗེས་ཞྭ་མོ་ཡར་གྱོན་ནས་ཁྱབ་པ་མ་བྱུང་། ཞེས་བརྗོད་སྲོལ་ཡོད། ལུང་དེ་རྩ་ཆེན་པོ་ཡིན་སྟབས་ཞྭ་མོ་མར་ཕུད་ནས་གུས་ཞབས་བྱས། ཕྱིས་སུ་དོན་དག་དེ་ཁས་ལེན་གྱི་མེད། དེར་བརྟེན་ཁྱབ་པ་མ་བྱུང་ཞེས་བཤད་ཀྱི་ཡོད་པ་རེད།
ངོས་ལ་ཆ་མཚོན་ན། ཆུང་དུས་སྐབས་ནས་བསྡུས་གྲྭ་ནས་བཟུང་མཚན་ཉིད་ཀྱི་གཞུང་དེ་དག་རྩ་བ་བློ་ལ་བཟུང་། འགྲེལ་བ་དེ་དག་ཡོངས་འཛིན་རིན་པོ་ཆེས་འགྲེལ་བཤད་བསྐྱོན་གྱི་རེད། མཚན་ཞབས་བདུན་ཡོད་པ་དེ་དག་དང་མཉམ་དུ་རྩོད་པ་བརྩད་ནས་ངོས་ཀྱིས་དེ་ལྟར་ཆུང་དུས་སྐབས་ནས་སློབ་སྦྱོང་བྱས་པ་རེད། དེར་བརྟེན་དེང་སྐབས་བསམ་བློ་གཏོང་དུས་ངོས་རང་ཧ་ཅང་བསྐལ་པ་བཟང་པོ་རེད་འདུག་སྙམ་པ་དྲན་གྱི་འདུག གཞན་ཡང་ངོས་ཀྱིས་ཝི་ཏི་ནམ་དང་ཤྲི་ལངྐ། ཀོ་རི་ཡའི་ནང་པའི་མཁས་དབང་དེ་འདྲ་མང་པོ་ཐུག་གི་ཡོད། དེང་སྐབས་ནུབ་ཕྱོགས་པའི་ཚན་རིག་ནང་ནས་སེམས་ཁམས་རིགས་པའི་སྐོར་དོ་སྣང་བྱེད་མཁན་གསར་པ་ཡོང་བཞིན་འདུག་པ་དེ་དག་དང་ཐུག་གི་ཡོད། བོད་པ་ཚོ་ཆུང་དུས་སྐབས་ནས་དཔྱད་པ་བྱེད་རྒྱུ་དེ་ཧ་ཅང་གོམས་གཤིས་ཆེན་པོ་ཡོད་སྟབས། དེ་དག་དང་མཉམ་དུ་གོ་བསྡུར་བྱེད་པའི་སྐབས་དྲི་བ་དྲི་ལན་རྩོད་ཡོང་དུས་ལན་རྒྱག་རྒྱུ་མེད་པར་མགོ་སྒུར་ནས་སྡོད་དགོས་པ་གཅིག་ཀྱང་མི་འདུག ངོས་རང་ཆུང་དུས་སྐབས་ནས་བོད་ཀྱི་གཞུང་དེ་དག་རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་དེ་དག་གོམས་ཡོད་སྟབས། མི་ག་འདྲ་ཞིག་ཐུག་པ་ཡིན་ནའང་འགྲེལ་བཤད་བརྒྱབ་ཐུབ་པ་ཞིག་འདུག ང་ཚོར་ཆུང་དུས་སྐབས་ནས་བསླབས་པ་དེ་དངོས་འབྲེལ་ཕན་ཐོགས་འདུག་སྙམ་པ་ཞིག་ངོས་ཀྱི་སེམས་ལ་དྲན་ཡོང་གི་འདུག རིག་པས་དཔྱད་པ་བྱེད་རྒྱུ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག གོང་དུ་ཞུས་པ་བཞིན་ལུང་ཞིག་དྲངས་ནས་དེ་ག་རང་རེད་ཟེར་ནས་མ་བཞག་པར་ལུང་ལ་དཔྱད་པ་བྱེད་ནས་རིག་པས་གནོད་པ་གང་འདུག་དཔྱད་པ་བྱེད་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་ལ་གཞུང་ཆེན་སློབ་མཁན་ཚོས་གཙོ་བོ་རིག་པས་དཔྱད་པ་བྱེད་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རྩི་ཡི་ཡོད་པ་རེད།
ངོས་རང་གདན་ས་ཚོར་གྲྭ་སྐོར་བཞག་ནས་ལྷ་སའི་སྨོན་ལམ་གྱི་དམ་བཅའ་བཞག་པ་ཡིན། སྨོན་ལམ་དམ་བཅའ་འཇོག་དུས་གཟབ་སྤྲོས་ཧ་ཅང་རྒྱས་ཡོད་པ་རེད། དམ་བཅའ་ཆེན་མོ་བཞག་གི་ཡོད་སྟབས་ཧ་ཅང་བསྐལ་པ་བཟང་པོ་རེད། གཟབ་སྤྲོས་ཧ་ཅང་རྒྱས་པོ་ཡོད་ཀྱང་བསམ་བློའི་ནང་དངངས་སྐྲག་ཕྲན་བུ་ཡོང་བཞིན་འདུག ངོས་ཀྱིས་དེ་ལྟར་གྲྭ་སྐོར་དམ་བཅའ་བཞག་པ་རེད། དཔེ་ཆ་བལྟས་པ་དེ་དག་གིས་ཉིན་རེ་བཞིན་དུ་དཔྱད་སྒོམ་དགོས་སར་དཔྱད་སྒོམ་དང་། འཇོག་སྒོམ་དགོས་སར་འཇོག་སྒོམ་གྱི་ཐོག་ནས་བསམ་བློ་གཏོང་ཡོང་དུས་ད་བར་ཉིན་རེ་བཞིན་དུ་ངོས་ཀྱིས་དཔྱད་འཇོག་ཟུང་སྦྲེལ་གྱི་ཐོག་ནས་བསམ་བློ་གཏོང་གི་ཡོད། སེམས་ལ་ངེས་ཤེས་ཧ་ཅང་ཆེན་པོ་སྐྱེ་རྒྱུ་ཞིག་དང་སེམས་ལ་འགྱུར་བ་འཐེབ་རྒྱུ་ཞིག་ཡོང་གི་འདུག བོད་ལ་༸རྒྱལ་བ་རིན་པོ་ཆེ་ཞེས་ཁྲི་མཐོ་བོ་ཞིག་གི་སྟེང་ལ་རྫིག་པོ་འདྲ་ཞིག་བྱས་ནས་བསྡད་དགོས། ངོས་རང་རྒྱ་གར་ལ་སླེབས་ནས་དེ་སྔ་དཔེ་ཆ་བལྟས་པ་དེ་དག་བསྐྱར་དུ་བལྟས་ནས་མཁས་པ་དེ་འདྲ་ཐུག་པའི་སྐབས་སུ་བགྲོ་གླེང་བྱེད་དུས་དེ་སྔར་སྦྱངས་པ་དེ་དག་ཧ་ཅང་ཕན་ཐོགས་འདུག ངོས་ཀྱིས་ཉིན་རེ་བཞིན་དུ་བསམ་བློ་གཏོང་རྒྱུ་དེ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་པའི་ཚིག་འདི་ཉིན་ལྟར་བཏོན་ནས་ཉིན་རེ་བཞིན་དུ་སངས་པའི་ཆོས་ཀྱི་བསླབ་བྱ་ཐོག་ནས་གཞན་ཕན་གང་ཐུབ་བྱེད་བསམ་བཞིན་ཡོད། ཞོགས་པ་ཡར་ལངས་པ་དང་བཅོམ་ལྡན་འདས་ཀྱི་བཀའི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་དེ་དག་ཞོགས་པ་ཡར་ལངས་པ་དང་བསམ་བློ་གཏོང་གི་ཡོད།
འདིར་རྒྱ་གར་ནང་ཡོད་པའི་གདན་ས་ཁག་གཙོ་བོར་གྱུར་པའི་གཞུང་ཆེན་སློབ་གཉེར་གནང་མཁན་དེ་དག་གིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ནས་ཉམས་བཞེས་གནང་གི་ཡོད་པ་རེད། རྗེས་སུ་ཡི་རང་ཡོད། ད་དུང་ཡིན་ནའང་ཤེས་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སླད་ད་བར་གནང་བ་ནང་བཞིན་མུ་མཐུད་ནས་ཚང་མས་ཤུགས་སྐྱེད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ངོས་ཀྱིས་རྒྱ་གར་ནང་གསར་གཏོད་བྱས་པ་གཅིག་ནི། བཙུན་མ་ཚོས་ཀྱང་མཚན་ཉིད་བལྟ་དགོས་པ་རེད་ཅེས་འབོད་སྐུལ་བྱས་ཏེ། དེང་སང་བཙུན་མ་ཚོའི་ནང་དུ་རྟགས་གསལ་གཏོང་མཁན་ཡག་ཐག་ཆོད་ཡོང་གི་འདུག ཧ་ཅང་ཡག་པོ་རེད། དེ་བཞིན་ང་ཚོའི་སློབ་གྲྭ་ཁག་ཏུ་དེ་སྔ་ཆོས་དགེ་ཞེས་ཆོས་ཀྱི་དགེ་རྒན་ཟེར་བ་ལྟ་བུ་མིང་ཞིག་བཏགས་ནས་ཡོང་གི་ཡོད། དེ་ལ་ངོས་ཀྱིས་ལྟ་གྲུབ་དགེ་རྒན་ཟེར་ནས་བསྒྱུར་བ་བཏང་བ་ཡིན། ཆོས་དགེ་ཟེར་དུས་ཆོས་གཅིག་པུ་དང་། ལྟ་གྲུབ་དགེ་རྒན་ཟེར་དུས་ཕྱི་ནང་གི་ལྟ་གྲུབ་ཀྱིས་མཚོན་པའི་ལྟ་གྲུབ་འདྲ་མི་འདྲ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། དེར་བརྟེན་ཆོས་དགེ་ཞེས་མ་ལབ་པར་ལྟ་གྲུབ་དགེ་རྒན་ཟེར་བའི་མིང་འཁྱེར་ན་ཡག་པོ་འདུག་ཅེས་ངོས་ཀྱིས་བསམ་འཆར་བཤད། དེང་སང་མི་ཚོས་དེ་ལག་ལེན་དུ་འཁྱེར་བཞིན་ཡོད་པ་རེད།
ང་ཚོ་བཙན་བྱོལ་བ་ཚོས་སོ་སོའི་ལྟོ་གོས་འགྲིག་ཙམ་མ་ཡིན་པར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་པ་དང་། དེ་དང་ཆབས་ཅིག་བོད་རང་གི་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་བཀའ་བསྟན་ནང་ཡོད་པ་རྣམས་མུ་མཐུད་ནས་སློབ་སྦྱོང་བྱེད་བཞིན་ཡོད། དེ་ལྟ་བུའི་གོ་སྐབས་ལ་གཙོ་བོ་རྒྱ་གར་གཞུང་གིས་རོགས་རམ་རྒྱ་ཆེན་པོ་གནང་བ་རེད། དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོའི་བོད་ཕྲུག་གཞོན་སྐྱེས་ཚོས་དེང་དུས་ཀྱིས་ཤེས་ཡོན་བསླབ་པ་དང་ཆབས་ཅིག་ལྟ་གྲུབ་དགེ་རྒན་གྱིས་ནང་ཆོས་ཀྱི་ལྟ་གྲུབ་སྐོར་ལའང་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་སུ་སློབ་ཕྲུག་ཚོར་དེ་ལྟ་བུའི་གོ་སྐབས་མེད། དེང་སང་ལྟ་གྲུབ་དགེ་རྒན་བཙུགས་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་ལྟར་རེད། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་རིང་འདིར་ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་གཙོ་ཆེར་རྒྱ་གར་གཞུང་གིས་གནང་བ་རེད། གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲེལ་ཡོད་རྒྱ་གར་གྱི་ནང་སྲིད་ལས་ཁུངས་སོགས་ཀྱི་ལས་བྱེད་པ་རྣམས་ལའང་བཀའ་དྲིན་རྗེས་སུ་དྲན་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཚོགས་པ་འདི་བཙུགས་ནས་ལོ་ ༢༥ འཁོར་འདུག དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་བཞག་ཡོད་པ་རེད། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཐོག་ལ་ཕྱོགས་མང་པོ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་གི་ཡོད་པ་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།།