༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་རིགས་གཞོན་སྐྱེས་གཙོ་བོར་བྱས་ཏེ་སེམས་བསྐྱེད་ཅིག་བྱུང་ན་ཞེས་རེ་འདུན་བྱུང་བ་རེད། སེམས་བསྐྱེད་ནི་ཧ་ཅང་བཟང་པོ་རེད། སེམས་པ་བཟང་པོ་བྱེད་པ་དང་སྤྱི་སེམས་འཁུར་རྒྱུ་ནི་ཧ་ཅང་རྩ་ཆེན་པོ་རེད། ངོས་རང་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་སེམས་བསྐྱེད་ལ་བསམ་བློ་བཏང་སྟེ་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཡོངས་དང་།བྱེ་བྲག་ཏུ་འཛམ་གླིང་འདིའི་སྒང་ཡོད་པའི་འགྲོ་བ་མི་གཙོ་བོར་གྱུར་པའི་སེམས་ཅན་ཚོའི་དོན་དུ་ངོས་ཀྱིས་ཉིན་ལྟར་སྨོན་ལམ་རྒྱག་བཞིན་ཡོད་པ་འདིས་དངོས་གནས་སེམས་ལ་ཞི་བདེ་སླེབ་པ་དང་། སེམས་ལྷོད་ལྷོད་ཆགས་པར་ཧ་ཅང་ཕན་ཐོགས་འདུགངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་པོར་བརྩིས་ཏེ་དེའི་གྲོགས་བྱེད་མཁན་སྟོང་ཉིད་ཀྱི་ལྟ་བར་ཉིན་ལྟར་བསམ་བློ་གཏོང་གི་ཡོད། སེམས་བཟང་པོ་བྱེད་པ་དེ་ཧ་ཅང་ཕན་ཐོགས་འདུག ངོས་ཀྱིས་སྨོན་ལམ་རྒྱག་རྒྱུ་དེ་ཡང་། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་རྒྱུ་ཡིན་ཟེར་བའི་སེམས་ཤུགས་དེ་ནི་ཧ་ཅང་ཕན་ཐོགས་འདུག དེར་བརྟེན་ངོས་རང་ལ་ཆ་གཞག་ན། སེམས་བསྐྱེད་ནི་སེམས་ལྷོད་ལྷོད་ཆགས་པ་དང་། སེམས་ལྷོད་ལྷོད་ཆགས་པའི་རྐྱེན་ལ་བརྟེན་ནས་དགོང་མོ་གཉིད་སྐྱིད་པོ་ཁུགས་པ་དང་། སེམས་ལ་ཁོང་ཁྲོ་ཟ་བ་དང་སེམས་འཁྲུག་པ་ལྟ་བུ་ཁྱོན་ནས་ཡོང་གི་མི་འདུག སེམས་ལྷོད་ཤིག་ཤིག་སྡོད་ཀྱི་འདུག དགོང་མོ་ཉལ་དུས་སེམས་ལྷོད་ལྷོད་སྡོད་ཀྱི་འདུག གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱང་སྒོམ་བཞིན་ཡོད། བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་སྤྱི་བོ་ལ་སྒོམ་སྟེ་མ་ཎི་བགྲང་བཞིན་གཉིད་ཉལ་གྱི་ཡོད།དངོས་ཡོད་གནས་ཚུལ་ལ་སེམས་ལྷོད་ལྷོད་ཆགས་ཡོང་དུས། ལུས་ཀྱི་འབྱུང་བ་རྣམས་རང་བཞིན་པ་ཆགས་ནས་ཕན་ཐོགས་ཆེན་པོ་འདུག ང་ཚོ་བོད་གངས་ཅན་པ་ནི་འཕགས་མཆོག་ཕྱག་ན་པདྨོའི་དམིགས་བསལ་གདུལ་ཞིང་ཟེར་གྱི་ཡོད་པ་རེད་ལ། སྤྱན་རས་གཟིགས་དང་དམིགས་བསལ་འབྲེལ་བ་ཡོད། རྒྱ་ནག་ལ་ཆ་གཞག་ན་རི་བོ་རྩེ་ལྔ་ལ་བརྟེན་ནས་འཇམ་པའི་དབྱངས་དང་འབྲེལ་བ་ཡོད་པ་བཤད་ཀྱི་ཡོད་པ་རེད། ང་ཚོ་བོད་གངས་ཅན་པ་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། ངོས་རང་ལ་མཚོན་ནའང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པ་དང་། སྤྱན་རས་གཟིགས་སྤྱི་བོར་སྒོམ་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་འཁྱུག་ཙམ་རིང་གསོལ་ཇའི་བར་གསེང་དང་། དེ་རྗེས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་ཚོས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་རྗེས་སླར་ཡང་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་གང་འཚམ་ཞིག་འཛོམས་པ་རེད། སང་ཉིན་འཇམ་པའི་དབྱངས་ཀྱི་རྗེས་གནང་ཞིག་ཡིན། ཤེས་རབ་ཀྱི་ལྷ་རེད།
གཞོན་སྐྱེས་ཚོའི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་ལ་གཙོ་བོར་དམིགས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱེད་རྒྱུ་དང་། དེ་རིང་འདིར་སེམས་བསྐྱེད་འདོན་རྒྱུ་དང་། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ་སེམས་བསྐྱེད་ཀྱི་ཆོ་ག་ཡོད་ཀྱང་དེ་ཧ་ཅང་རྒྱས་པ་ཡིན་པས་མི་དགོས་པ་བྱེད། གང་ལྟར་སྤྱོད་འཇུག་ཆེན་མོ་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར། བྱང་སེམས་གཞན་ཕན་གྱི་བློ་ཡོད་པ་དེ་ལ་མཐའ་གཅིག་ཏུ་ཕྱག་འཚལ་འོས་པ་རེད། རྒྱུ་མཚན་ནི་བྱང་ཆུབ་ཀྱི་སེམས་བཟང་པོ་ཡོད་མཁན་དེ་ལ་ཕར་གནོད་པ་བྱས་ནའང་གནོད་ལན་གནོད་པས་མི་འཇལ་བར་ཚུར་ཕན་འདོགས་ཀྱི་ཡོད་པས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་རེད།འཛམ་གླིང་འདིར་བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་པ་བཟང་པོ་རེད། སེམས་པ་བཟང་པོ་ཡོད་ན་སོ་སོ་ཡང་སེམས་སྐྱིད་པ་དང་། ཐ་ན་གཉིད་ཀྱང་སྐྱིད་པ། གཞན་ཉལ་བའི་སྐབས་སུ་སེམས་འཁྲུགས་ནས་བསྡད་ཚེ་དབུགས་རིང་རེ་བཏང་། ཕར་ཨ་ལོག་བརྒྱབ། ཚུར་ཨ་ལོག་བརྒྱབ་ནས་མ་སྐྱིད་པ་བྱེད་ཀྱི་རེད། གཞན་ཕན་གྱི་བློ་ཡག་པོ་ཞིག་ཡོད་ཚེ་ལྷོད་ཤིག་ཤིག་སྡོད་རྒྱུ་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཨ་ཅང་ཅང་། འཕྲལ་དུ་ཉིན་རེ་བཞིན་དུ་སེམས་ལྷོད་ལྷོད་ཆགས་པར་ཁྱད་པར་ཆེན་པོ་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། འཕྲལ་དུ་བདེ་བ་ལའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། ཚེ་རབས་ནས་ཚེ་རབས་བདེ་ཞིང་སྐྱིད་པ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་དེའང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཡོང་གི་ཡོད། བྱང་ཆུབ་ཀྱི་སེམས་ནི་སེམས་པ་བཟང་པོ་མཐར་ཐུག་པ་ཞིག་རེད། སེམས་ཅན་མཐའ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩེ་བའི་བློ་ཡག་པོ་ཞིག་སླེབས་པ་ནི་ཧ་ཅང་རྩ་ཆེན་པོ་རེད།བྱང་ཆུབ་ཀྱི་སེམས་བཟང་པོ་ཡོད་པ་ཡིན་ན་སོ་སོའི་ངོས་ནས་མཐའ་གཅིག་ཏུ་ཕན་སེམས་བྱེད་རྒྱུ་ཞིག་ཡོད་པས་གང་ཟག་འགའ་ཤས་ཀྱིས་ཕྱིན་ཅི་ལོག་གི་གོ་བ་བླངས་ནས་དཔེར་ན། ལྷ་དང་མི་དང་། ལྷ་མ་ཡིན་གྱི་ནང་ནས་སེམས་མ་སྐྱིད་པར་བྱེད་མཁན་དེ་འདྲ་ཡོང་གི་ཡོད། འོན་ཀྱང་དེ་ནི་སྙིང་རྗེའི་ཡུལ་རེད་མ་གཏོགས་ང་ལ་མ་དགའ་བ་བྱེད་ཀྱི་འདུག་ཅེས་ཡལ་བར་དོར་བ་རྩ་བ་ཉིད་ནས་མི་འདུག སེམས་ཅན་ཀུན་ལ་མཐའ་གཅིག་ཏུ་བརྩེ་བའི་བློ་སྐྱེ་རྒྱུ་མ་གཏོགས། སེམས་ཅན་འདི་དང་འདིས་ང་ལ་མ་དགའ་བ་བྱེད་ཀྱི་འདུག ང་ལ་ཁ་གཏོང་གི་འདུག་ཟེར་བ་སོགས་ཁྱོན་ནས་མི་འདུག ད་དུང་ཁ་གཏོང་བ་དང་ངོ་རྒོལ་བྱེད་པ་སོགས་ནི་རྨོངས་པའི་དབང་གིས་བྱས་པ་ཡིན་པས་ལྷག་པར་དུ་སྙིང་རྗེ་ཆེན་པོ་སྐྱེས་པ་ཆགས་ཀྱི་འདུག དེར་བརྟེན་བྱང་ཆུབ་ཀྱི་སེམས་ཀྱི་ཕན་པའི་བསམ་པ་ཟེར་བ་ནི་ཧ་ཅང་རྩ་ཆེན་པོ་རེད། དཔེར་ན། ངོས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་མང་པོ་སྒོམ་གྱི་ཡོད། ཕལ་ཆེར་བྱང་ཆུབ་ཀྱི་སེམས་ཀྱི་མྱོང་བ་གང་ལ་གང་འཚམ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་བོད་ནང་དུ་རྒྱ་མི་གུང་བྲན་གྱིས་བོད་པ་ལ་མནར་གཅོད་བཏང་བ་ལྟ་བུ་དང་། བོད་ཀྱི་སྐུ་གསུང་ཐུགས་རྟེན་བཤིག་པ་ལྟ་བུ་བྱུང་སྐབས་ལྷག་པར་དུ་བརྩེ་བའི་བློ་སྐྱེས་པ་མ་གཏོགས་དེ་ལ་ཁོང་ཁྲོ་ཟ་བ་དང་། སེམས་མ་སྐྱིད་པར་བྱེད་པ་ཁྱོན་ནས་མི་འདུག མཐའ་གཅིག་ཏུ་བརྩེ་བའི་བློ་སྐྱེས་པ་ཞིག་རེད། དེ་ནི་ཧ་ཅང་རྩ་ཆེན་པོ་རེད།ང་ཚོ་བོད་གངས་ཅན་གྱི་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། ང་ཚོ་བོད་མིར་རང་བཞིན་ལྷན་སྐྱེས་ལ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཟེར་བ་ལྟ་བུ་དང་། སེམས་པ་བཟང་པོ་བྱེད་པ་ཆུང་ཆུང་སྐབས་ནས་གོམས་གཤིས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་བརྗོད་ཀྱི་ཡོད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་ཁྱོན་ནས་འབུ་མི་གསོད་པར་ཡིད་གཟབ་བྱེད་ཀྱི་ཡོད། དགོང་མོ་གཉིད་སྐྱིད་པོ་ཁུགས་པའི་སྐབས་སུ་དུག་སྦྲང་ཡོང་བའི་སྐབས་སུ་ལག་པ་གཡུག་གི་ཡོད། དེ་མ་གཏོགས་མཐའ་གཅིག་ཏུ་བརྩེ་བའི་བློ་བཤད་མ་ཐག་པར་ལྟར། རྒྱ་མི་རིགས་ང་ཚོ་བོད་པའི་ཐོག་ལ་སྡང་སེམས་བྱེད་མཁན་ལ་ལྷག་པར་དུ་བརྩེ་བའི་བློ་སྐྱེས་ཀྱི་འདུག ཞེ་སྡང་ལངས་སའི་ཡུལ་དེ་དག་ལ་བརྩེ་བ་སྐྱེས་སྐབས་ཞེ་སྡང་ལངས་པའི་གཞི་ཁོ་རང་མེད་པ་ཆགས་འགྲོ་གི་འདུག སེམས་ལ་ཞེ་སྡང་མེད་པར་བརྩེ་བའི་བློ་ཡོད་ཚེ་དོན་དམ་པའི་སེམས་ཀྱི་ཞི་བདེའི་བློ་ཡོང་ཐུབ་པ་རེད། ང་ཚོ་ཚང་མས་བྱང་ཆུབ་ཀྱི་སེམས་ལ་དོ་སྣང་དང་། དང་དོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ལ་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་གང་ཐུབ་སྒོམ་གྱི་ཡོད། རྒྱུ་འབྲས་མན་ངག་བདུན་གྱི་བློ་སྦྱོང་རྒྱུར་རིམ་པ་མང་པོ་འདུག ངོས་ཀྱིས་བདག་གཞན་མཉམ་བརྗེའི་ཐོག་ནས་བློ་སྦྱོང་རྒྱུར་ཞོགས་པ་རྟག་པར་བསམ་བློ་གཏོང་གི་ཡོད། དེས་སེམས་ལ་ཞི་བདེ་ཡོང་རྒྱུར་ཧ་ཅང་ཕན་གྱི་འདུག
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་གསུངས་པ་ལྟར། རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བ་ལའང་བྱང་ཆུབ་ཀྱི་སེམས། ཕུགས་ལ་ས་ལམ་གྱི་རྟོགས་པ་བསྒྲོན་ནས་རྣམ་མཁྱེན་འཐོབ་རྒྱུ་དེ་དག་བྱང་ཆུབ་ཀྱི་སེམས་ཡིན་སྟབས། བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་དེ་རྣམ་པ་ཐམས་ཅད་དུ་རང་ལ་དངོས་འབྲེལ་བྱང་ཆུབ་ཀྱི་སེམས་སྐད་ཅིག་རེ་རེ་ལ་ཚོགས་མང་པོ་རྫོགས་པའི་ཐོག་ནས་བསོད་ནམས་ཀྱི་ཤུགས་ཆེ་རུ་ཕྱིན་ཏེ་རང་བཞིན་གྱིས་བརྩེ་བའི་བློ་སླེབ་བཞིན་པ་ཧ་ཅང་རྩ་ཆེན་པོ་རེད་འདུག དཔེར་ན་ངོས་ལ་ཆ་བཞག་ན། བྱང་ཆུབ་ཀྱི་སེམས་ཧ་ཅང་སྒོམ་བཞིན་ཡོད། རྒྱ་མི་གུང་བྲན་ང་ཚོ་བོད་མིའི་ཐོག་མནར་གཅོད་གཏོང་མཁན་དེ་དག་གི་གྲས་ལ་ལྷག་པར་དུ་སྙིང་རྗེའི་བློ་སྐྱེ་བཞིན་འདུག་པ་མ་གཏོགས་ཁོང་ཁྲོ་ཟ་བ་ཁྱོན་ནས་མི་འདུག གང་ལྟར་གནོད་པ་བྱེད་མཁན་འདྲ་ཞིག་ཡིན་ནའང་དེ་ལ་མཐའ་གཅིག་ཏུ་བརྩེ་བའི་བློ་སྐྱེ་རྒྱུ་བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག བོད་མི་རྣམས་རང་བཞིན་གྱིས་སེམས་པ་བཟང་པོ་ལྟ་བུར་རྩི་གི་འདུག དེར་བརྟེན་སེམས་བཟང་པོ་བྱ་རྒྱུར་དང་དོད་བྱེད་རྒྱུ་གལ་ཆེན་པོ་རེད། མཁྱེན་སོང་ངམ།
གང་ལྟར་སྙིང་རྗེའི་ཐོག་ནས་མིའི་སེམས་དགུག་རྒྱུར་ཧ་ཅང་ཕན་ཐོགས་འདུག ཞེ་སྡང་གིས་སེམས་དགུག་རྒྱུ་ཁྱོན་ནས་མེད། དེར་བརྟེན་བོད་མི་ཚང་མས་གཞན་ཕན་གྱི་བློ་སེམས་བསྐྱེད་བཟང་པོ་ཞིག་ལ་བསམ་བློ་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ནས་སྨོན་ལམ་མཐར་གཏུགས་ཡོང་དུས། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ནམ་མཁའ་མ་ཟད་ཀྱི་བར་དང་། ནམ་མཁའི་མཐར་གཏུགས་པའི་སེམས་ཅན་མཐའ་དག་མྱང་འདས་མ་ཐོབ་པའི་བར་དུ་བྱང་ཆུབ་ཀྱི་སེམས་གཞན་ཕན་གྱི་བློ་ཞུམ་པ་མེད་པར་ཕ་རོལ་པོའི་རྣམ་འགྱུར་ག་འདྲ་ཡོད་མིན་ལ་མ་ལྟོས་པར་རང་གི་ངོས་ནས་མཐའ་གཅིག་ཏུ་བརྩེ་བའི་བློ་ཡིས་ཕན་བཏགས་པར་སེམས་ཤུགས་སྐྱེས་པ་ཞིག་བྱུང་ན། རིམ་བཞིན་ཕ་རོལ་པོ་དེ་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིན་རིམ་པས་བློ་འགྱུར་ནས་ལྟ་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པ་དེང་སྐབས་དངོས་སུ་མཐོང་རྒྱུ་འདུག དེར་བརྟེན་སེམས་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་རྩ་ཆེན་པོ་རེད་འདུག ང་ཚོ་ཚང་མས་དུས་རྒྱུན་དུ་སེམས་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཁ་ནས་འདོན་པ་འདོན་པ་དང་། རྔ་རྡུང་སྦུབ་དཀྲོལ་ལྟ་བུ་དེ་ཙམ་ཡོད་ནའང་རེད། མེད་ནའང་རེད། གང་ལྟར་སྙིང་པོ་ནི་སེམས་བཟང་པོ་བྱེད་རྒྱུ་ནི་གཙོ་ཆེ་ཤོས་རེད། གཞན་སྙིང་རྗེ་བསྒོམ་རྒྱུའི་ཐོག་དེ་ཙམ་དོ་སྣང་མེད་པ་ལྟ་བུ་ལྷོད་གཡེང་བཏང་། ལྷ་བསྒོམ་རྒྱུ་དང་རྔ་རྡུང་སྦུབ་དཀྲོལ། ལྷའི་ནང་ནས་ལྷ་དྲག་པོ་གྲས་ལ་སེམས་ཉག་ཉེ་པོ་བྱེད་རྒྱུ་དེ་ནོར་འདུག འཕགས་པ་སྤྱན་རས་གཟིགས་ནི་ལས་དང་བསོད་ནམས་ཀྱི་འབྲེལ་བ་ཡོད་པའི་ལྷ་ཆགས་ཡོད་སྟབས་སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་བོད་རིགས་རྣམས་སེམས་པ་བཟང་པོ་ཞིག་ལ་རྩི་གི་འདུག ད་དུང་ཡིན་ནའང་སེམས་པ་བཟང་པོ་བྱེད་རྒྱུར་དང་དོད་བྱེད་ནས་གང་ཐུབ་མི་བཟང་པོ་ཞིག་བྱེད་རྒྱུ་བྱུང་ན། བོད་ཀྱི་མཚན་སྙན་གོང་ནས་གོང་དུ་འཕེལ་བ་དང་། སངས་རྒྱས་པའི་ཆོས་ཀྱི་གཟི་བརྗིད་འདི་ལྟར་སླེབ་པ་ཞིག་རེད།
སྤྱིར་ཤེས་ཡོན་གྱི་ཐོག་ནས་ཇི་ཙམ་འཇོན་པོ་ཡོད་ནའང་ངོ་མཚར་སྐྱེ་རྒྱུ་མེད། སེམས་གཏིང་ནས་སེམས་པ་བཟང་པོ་བྱས་ནས་སྡོད་རྒྱུ་བྱུང་ན། མི་མང་པོས་རང་བཞིན་གྱིས་དགའ་པོ་བྱེད་རྒྱུ་ཡོང་གི་འདུག ངོས་ཀྱིས་བྱང་ཆུབ་ཀྱི་སེམས་ཧ་ཅང་གལ་ཆེན་པོ་རྩིས་ཏེ་སྒོམ་གྱི་ཡོད། དེར་བརྟེན་ངོས་ལ་སྐྱོན་བརྗོད་བྱེད་མཁན་རིགས་ཡོང་དུས་ལྷག་པར་དུ་སྙིང་རྗེ་བསྒོམས་ནས་སྡོད་ཀྱི་ཡོད་པ་མ་གཏོགས་ཁོས་ང་ལ་ཁ་གཏོང་གི་འདུག་ཅེས་སེམས་གཏིང་ནས་རླུང་ལང་རྒྱུ་དེ་འདྲ་ཁྱོན་ནས་མེད། སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག
དེ་དག་ནི་ཚེ་གཅིག་དང་ལོ་གཅིག་གཉིས་རིང་གི་སྐད་ཆ་མ་རེད། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ནམ་མཁའ་མ་ཟད་ཀྱི་བར་དུ་ལས་ཉོན་གྱི་གཞན་དབང་ཅན་གྱི་སེམས་ཅན་ཇི་སྲིད་ཡོད་པ་དེ་སྲིད་དུ་ངས་སེམས་ཅན་གྱི་དོན་གཞན་ཕན་གྱི་བློ་བཟང་པོ་དེས་གཞན་ཕན་བསྒྲུབ་རྒྱུ་ཞིག་བློ་འགྱུར་བ་དང་ཞུམ་པ་མེད་པའི་ཐོག་ནས་ཇི་སྲིད་ནམ་མཁའ་གནས་པའི་བར་དུ་འགྲོ་བའི་དོན་བྱེད་སྙམ་པའི་བསམ་བློ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེར་བརྟེན་བྱང་ཆུབ་ཀྱི་སེམས་ལ་ཧོབ་དེ་ཁ་ལ་ལྟ་དུས་གཞན་དོན་ལ་བསམ་བློ་བཏང་བའི་བཟོ་འདྲ་ཞིག་རེད། འོན་ཀྱང་དོན་དག་ངོ་མ་ནི་རང་དོན་བསྒྲུབ་རྒྱུ་ཡག་ཤོས་ནི་བྱང་ཆུབ་ཀྱི་སེམས་རེད་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་འདི་དངོས་གནས་རེད་འདུག ངོས་ལ་ཆ་མཚོན་ན་བྱང་ཆུབ་ཀྱི་སེམས་ལ་ཧ་ཅང་དང་དོད་བྱེད་ཀྱི་ཡོད། ཁྱེད་རང་ཚོ་ནི་༸རྒྱལ་བ་རིན་པོ་ཆེའི་ཆོས་གྲོགས་རེད། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་སེམས་བཟང་པོ་བྱེད་རྒྱུར་ཚང་མས་དང་དོད་བྱེད་དགོས། མི་ཚོས་ཁོ་སེམས་གནག་པོ་ཡོད་པ་རེད་ཅེས་བརྗོད་ན་བཟང་བ་གང་ཡང་མ་རེད། ཁོ་སེམས་པ་བཟང་པོ་ཡོད་པ་རེད་ཅེས་བརྗོད་ན་བསྟོད་ར་དངོས་གནས་ཆེན་པོ་རེད། དེར་བརྟེན་ང་ཚོ་ཚང་མས་སེམས་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
ངོས་ཀྱིས་སེམས་པ་བཟང་པོ་བྱེད་དགོས་སྐོར་བཤད་ཡོང་དུས་རྒྱ་རིགས་ཚོའི་ནང་དུའང་དམིགས་བསལ་དོ་སྣང་བྱས་ནས་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེའི་བརྒྱུད་ནས་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་མང་དུ་འགྲོ་བཞིན་འདུག དེར་བརྟེན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་པ་འདི་རེད། ཁྱེད་རང་ཚོ་ཚང་མས་སེམས་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ༸རྒྱལ་བ་རིན་པོ་ཆེའི་བསླབ་བྱ་གཙོ་བོ་ནི། སེམས་བཟང་པོ་བྱེད་དགོས་པ་རེད་བརྗོད་ཀྱི་འདུག་ཅེས་ཚང་མས་སེམས་བཟང་པོ་བྱེད་རོགས་བྱོས། ཤེས་སོང་ངམ། སེམས་བསྐྱེད་ཀྱི་དོན་དག་སྙིང་པོ་འདི་རེད
འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་གྲོག་འབུ་ཡན་ཆད་ཚང་མ་བརྩེ་བའི་ཡུལ་རེད་མ་གཏོགས་དེ་དག་དོར་རྒྱུ་ཁྱོན་ནས་རེད་མི་འདུག དུད་འགྲོའི་རིགས་ལ་བླང་དོར་གྱི་གནས་བསྟན་རྒྱུ་ནི་མེད། འཕྲལ་སེལ་གྱི་སྡུག་བསྔལ་མི་ཡོང་བ་དང་བདེ་བ་ཡོང་བ། དཔེར་ན། ལྕེབ་འདྲེ་མ་ལྟ་བུ་ཆུའི་ནང་ལྷུང་ཡོད་ན། བརྩེ་བའི་སེམས་ཡག་པོའི་ཐོག་ནས་ཆུའི་ནང་ནས་སྐྱོབ་པ། དེ་དང་དེ་འདྲ་བའི་སེམས་ཅན་སྐམ་ལ་གནས་པ་ཆུའི་ནང་ལྷུང་བ་དང་། ཆུ་ལ་གནས་པའི་སྲོག་ཆགས་སྐམ་ལ་ལུས་པ་དེ་ཚོའི་གྲས་ལ་གང་ཐུབ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཕན་ཐོགས་གང་ཡོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གཙོ་བོ་སེམས་ཅན་དེ་དག་གི་སྡུག་བསྔལ་ནི་རང་གི་ལས་ཀྱི་དབང་གིས་ཡོང་གི་ཡོད་སྟབས། རིམ་པས་སེམས་དུལ་དགོས། ད་ལྟ་དུད་འགྲོའི་ལུས་རྟེན་ཐོབ་པ་དེ་དག་ཐད་ཀར་བསམ་བློ་ཡར་རྒྱས་གཏོང་རྒྱུར་བསམ་བློ་གཏོང་རྒྱུ་མེད་ནའང་དེ་དག་མི་ལུས་འཐོབ་ཐུབ་པ་ཞིག་དང་། བླང་དོར་གྱི་གནས་ཤེས་པའི་རྣམ་དཔྱོད་དང་ལྡན་པ་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་། མཐར་སློབ་ཕྲུག་ཁག་ཅིག་གི་དྲི་བར་བཀའ་ལན་སྩལ་ཏེ་ཉིན་དང་པོའི་ཆོས་འབྲེལ་ལེགས་པར་གྲུབ་ཡོད། །